
ནེའུ་ཆུང་འབོད་སྐུལ་དབང་གི་ཞགས་པ།
རྒྱལ་ཡུམ་ཆེན་མོ་འཇིགས་བརྒྱད་གཡུལ་སྒྲོལ་མའི། །
མཁྱེན་བརྩེའི་ཡེ་ཤེས་འགྲོ་ལ་རྗེས་ཆགས་ཏེ། །
གླིང་དཀར་སྟོད་དུ་མཚན་དཔེའི་གར་བསྒྱུར་པ། །
ནེའུ་ཆུང་དབྱིངས་ཕྱུག་རྒྱལ་མོ་བརྩེ་ལྡན་མ། །
གདུང་གཙང་སྒ་ཡི་རིགས་ཀྱི་སྐྱེད་ཚལ་དུ། །
མཚར་སྡུག་ཀུན་ནས་རྫོགས་པའི་ཨུཏྤ་ལ། །
དབང་གི་མཁའ་འགྲོའི་ཐོད་རྒྱན་ཐོགས་པ་ཡི། །
ནེའུ་ཆུང་ལྷ་ཡི་མེ་ཏོག་ཡིད་འོང་མ། །
ཇི་ལྟར་བྱང་ཆུབ་སེམས་དཔའ་བློ་ལྡན་དག །
རིགས་ནི་མཚན་མ་དག་ལས་ཤེས་གསུངས་ལྟར། །
ཆུང་བའི་དུས་ནས་ཞི་དུལ་ངང་བཟང་ཞིང་། །
ཀུན་ཤེས་ཀུན་བཟང་མི་མོའི་ཁྱུ་མཆོག་མ། །
ཤེས་རབ་ཆེ་ཞིང་རྣམ་དཀར་ལས་ལ་མོས། །
ཀུན་ལ་བརྩེ་ཞིང་དམན་ལ་ལྷག་པར་བྱམས། །
ལེགས་ཉེས་འབྱེད་ལ་མངོན་ཤེས་སྤྱན་དང་ལྡན། །
སར་གནས་སེམས་མའི་དེ་ཉིད་ཀུན་ལྡན་མ། །
དཀྱེལ་ཡངས་ལྷོད་ཆགས་ཡ་རབས་ལས་ལ་དགྱེས། །
སྐྱེས་སྦྱང་ཡོན་ཏན་མ་ལུས་འབུར་དུ་ཐོན། །
ངག་རྩལ་གཏམ་ལ་ཁ་དགེ་བཀྲ་ཤིས་པའི། །
མི་ཡི་བུ་མོ་བདེན་ཚིག་ཀུན་གྲུབ་མ། །
རླངས་སྟོན་ཐུགས་རྗེ་ཟླ་བའི་བསིལ་ཟེར་ལས། །
གདམ་ཟབ་ག་བུར་རྒྱུན་བཟང་བདུད་རྩིའི་ཆབ། །
ཐུགས་ཀྱི་ཟེའུ་འབྲུར་ལྷུང་བའི་ཉེར་ལྡོག་གིས། །
གཏན་བདེའི་ལམ་སྣ་བདག་གིར་བཞེས་མཛད་མ། །
ལྟ་བ་སྟོང་ཉིད་སྙིང་རྗེའི་ཉམས་རྩལ་རྒྱས། །
སྒོམ་པ་འོད་གསལ་དགོངས་པའི་རང་ས་ཟིན། །
སྤྱོད་པ་ཀུན་བཟང་གྲོ་བའི་སྣང་སེམས་སྡུད། །
གཉིས་དོན་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་མ། །
སྐུ་ལུས་སྣང་སྟོང་ཚངས་པའི་མེ་ཏོག་མཛེས། །
གསུང་དབྱངས་དོན་ལྡན་ཅོ་གའི་དྲུག་འགྱུར་འཇེབས། །
ཐུགས་མཆོག་བདེ་ཆེན་སྟོང་པའི་ཡེ་ཤེས་རྒྱས། །
ལྷན་སྐྱེས་མཁའ་འགྲོ་ལུ་གུའི་ཚར་ཡག་མ། །
སེང་ཆེན་སྐྱེས་བུས་འགོག་མོའི་ཇོ་རུ་ཞེས། །
རེ་ཞིག་སྦས་ཚུལ་བརྟུལ་ཞུགས་སྐྱོང་བའི་སྐབས། །
དགྲ་བླའི་རྒྱལ་པོའི་ནང་གི་དེ་ཉིད་ཀུན། །
དག་གཟིགས་སྤྱན་ལྡན་སྔོ་ལོའི་སྲས་གཅིག་མ། །
སྨུག་པོ་ལྡོང་གི་ཕུ་ནུ་ཚོགས་པ་ཡིས། །
གླིང་སྲིད་འདོ་བའི་བང་གི་དཀྱུས་ཐག་ལ། །
དབང་བའི་དགའ་སྟོན་སྒོ་འཕར་ཕྱེ་བའི་ཉིན། །
རྟེན་འབྲེལ་བདེན་ཚིག་བརྡ་གླུས་བསྒྲིགས་མཛད་མ། །
སྣང་སྟོང་སྐུ་ལུས་རྡོ་རྗེའི་གྲོང་ཁྱེར་དུ། །
མི་རྗེ་སེང་ཆེན་ལྷ་ཡི་ཉི་མ་ཆེའི། །
ཐབས་མཆོག་འོད་དཀར་ཟེར་མདངས་འཕྲོས་དང་ལྷན། །
བདེ་སྟོང་སྒྱུ་རྩལ་སྟོབ་མཁས་མཚན་ལྡན་མ། །
དང་པོ་ཉིད་ནས་འཁོར་བའི་ཕུན་ཚོགས་ལ། །
སྐྱོ་ཤས་ངེས་འབྱུང་ཐུགས་རྩལ་རྫོགས་ན་ཡང་ ། །
དོན་འགྲུབ་སྐྱེས་བུས་འགྲོ་དོན་སྐྱོང་བ་ལ། །
ཐུགས་དམ་ལྷོད་པ་མེད་པའི་ཐབས་གྲོགས་མ།
གླིང་རྗེ་རྒྱལ་བློན་སྲས་དང་བཅས་པ་ཡི། །
སྐུ་ལ་གཟི་དཔལ་གསུང་ལ་བདེན་ཚིག་དང་། །
ཐུགས་ལ་དགྱེས་པ་ཕྲིན་ལས་རྣོ་སོ་ཀུན། །
བསྐྱེད་ལ་དབང་ཐོབ་གསང་འཛིན་ཌཱ་ཀི་མ། །
ངང་བཟང་ཕྱི་ཐག་ནང་ནས་རིང་བ་དང་། །
ཁྲེལ་དང་བག་ཡོད་དད་དང་དམ་ཚིག་གཙང་། །
དགྱེས་བསྐྱེད་ཉམས་བརྒྱའི་སྟངས་ཀ་ཁོང་ནས་རྫོགས། །
མི་མིན་ཡེ་ཤེས་སྒྱུ་མའི་རང་རྩལ་མ། །
སེང་ཆེན་རྗེ་དང་འདན་མ་ཡབ་སྲས་སོགས། །
གྲུབ་རིགས་དཔའ་བརྟུལ་དྭངས་སྨན་མཐའ་དག་གི །
སྣ་ཚོགས་མཛད་པ་རྒྱ་མཚོའི་རྣམ་ཐར་ཀུན། །
བཀའ་རྒྱས་འདེབས་མཁས་གླིང་དཀར་བསྟན་སྐྱོང་མ། །
གང་ཞིག་དཀར་པོ་གླིང་གི་མཛད་འཕྲིན་ལ། །
སྔོན་སྨོན་ལས་འབྲེལ་ཅན་གྱི་སྙིང་ཁམས་སུ། །
སེང་ཆེན་བཀའ་ཡི་གཏད་རྒྱ་མ་རལ་བའི། །
བརྡ་གསང་རྡོ་རྗེའི་གླུ་སྒོ་འབྱེད་མཛད་མ། །
མཁའ་སྤྱོད་འོག་མིན་མཁའ་འགྲོའི་གྲོང་ཁྱེར་ནས། །
ཀུན་ཁྱབ་བརྩེ་ཆེན་ཐུགས་རྗེའི་འཕྲུལ་ཐབས་ཀྱིས། །
མོས་ལྡན་སྙིང་ལ་ཀུན་དགའ་གསར་བའི་སྐྱེས། །
སྩོལ་ལ་གཡེལ་མེད་ལས་ཀྱི་གཉེར་འཛིན་མ། །
མཚན་ཙམ་དྲན་ཡང་རྟེན་འབྲེལ་དཀར་པོ་ཡི། །
དཔལ་རབ་སྩོལ་ལ་སྨོན་ལམ་མཐུ་གྲུབ་པའི། །
འོད་ཀྱི་སྐུ་ལ་ཡེ་ཤེས་སྙིང་པོ་ཅན། །
དྲན་པ་དོན་ལྡན་ནེའུ་ཆུང་བདེ་སྐྱོང་མ། །
སྙིགས་ལྔའི་མུན་པ་སྙིང་ལ་ཆེར་བབས་ཏེ། །
ཕྱི་ནང་ཉེར་འཚེས་རྟག་པར་གདུང་བའི་དུས། །
སེང་ཆེན་ཐུགས་གསང་འཛིན་པའི་མཚན་ལྡན་མ། །
ཁྱེད་ལ་རེ་ལྟོས་འཆའ་འོ་ཐུགས་རྗེས་གཟིགས། །
ཕྱི་ཡི་ནད་གདོད་བར་ཆད་ཁྱེད་ཀྱིས་སྲུངས། །
ནང་གི་དུག་ལྔའི་གཡོ་འཕྲུལ་ཁྱེད་ཀྱིས་ཆོམས། །
གསང་བའི་རྟེན་འབྲེལ་ཉེས་ཚོགས་ཁྱེད་ཀྱིས་ཟློག །
མདོར་ན་བདག་གི་ཡོད་ཚད་ཁྱེད་ལ་བཅོལ། །
གང་བརྩམས་ཕྱོགས་ལྷུང་གདོན་གྱིས་མི་བརླམ་པར། །
རྣམ་པ་དཀར་པོའི་རྩིས་ཀྱིས་ཟིན་པ་དང་། །
ནམ་ཞིག་ཚེ་ཡི་འདུ་བྱེད་རྫོགས་པའི་དུས། །
ཁྱེད་ཐུགས་དགོངས་པའི་བཙན་ས་ཟིན་པར་ཤོག །
འདི་གོ་སྨིན་དབུས་ཨ་དཀར་པོའི། །ནང་གི་སེམས་ཁམས་རི་སྐྱེས་བུ། །
དུས་རྐྱེན་ཤ་བ་རིས་གཙེས་སྐབས། །དྲན་སྐུལ་དབྱིངས་སུ་སྤུར་བ་དགེ། །