

བོད་རབ་བྱུང་བཅུ་བདུན་ཤིང་རྟ་ལོའི་གླང་ཟླའི་ཚེས་བཅོ་ལྔ་སྟེ།འཛམ་གླིང་སྤྱི་བསང་གི་ཉིན་མོའི་དགོང་ཆེན་དབང་གི་དུས་ཚེས་དགེ་བར། གླིང་བཀའ་བློན་འདན་མ་གཡུལ་རྒྱལ་ཐོག་རྒོད་ཀྱི་སྒྱུ་འཕྲུལ་བོད་ཡུལ་གྲུབ་པའི་དབང་ཕྱུག་དཔལ་འཇའ་ལུས་པ་ཆེན་པོ་མཁན་ཆེན་ཚེ་དབང་རིག་འཛིན་མཆོག་གི་ཡང་སྤྲུལ་མ་ཎི་བླ་མ་བསྟན་འཛིན་སྙན་གྲགས་རིན་པོ་ཆེ་མཆོག་གིས།སྔོན་བྱོན་གྲུབ་པའི་སྐྱེས་ཆེན་གླིང་གེ་སར་གྱི་སྒྱུ་འཕྲུལ་དམ་པ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་འབྱུང་འགྱུར་ལུང་དོན་ལས་གསལ་བོར་བསྟན་ཡོད་ཚུལ།མདོ་རིན་པོ་ཆེའི་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེའི་རྨ་རྒྱལ་གནས་བཤད་དུ་གསལ་བ། ཤར་ལྷོ་གཡུ་བཟང་གཡུ་ཡི་མཎྜལ་ལ།།གསེར་གྱི་རི་བོ་མཛེས་ཤིང་བསྐོར་བ་འདྲ། །རྨ་སྨད་བཀྲ་ཤིས་ལྷ་ལུང་གཡུ་ཐང་ཞེས། །གྲུབ་དབང་མཁྱེན་བརྩེས་ལུང་ཟིན་གནས་མཆོག་འདིར།།འཛམ་གླིང་སེང་ཆེན་མ་ཧཱ་རཱ་ཛ་ཡིས། །དཔའ་རྟུལ་རྣམས་དང་མི་དང་མི་མིན་སོགས།།འཁོར་ཚོགས་བྱེ་བར་ཆོས་འཁོར་བསྐོར་བའི་ཡུལ། །གསེར་ཆེན་ཉི་མའི་འཁོར་འདས་ངོ་མཚར་ཅན།།སླད་ནས་བྱོན་རྣམས་ཆོས་འཁོར་བསྐོར་བ་སོགས།།ལས་བཞིའི་འཕྲིན་ལས་གང་བརྩམས་མྱུར་འགྲུབ་འགྱུར། །ཞེས་རྡོ་རྗེའི་ལུང་གིས་གསལ་བར་བསྟན་ཡོད་པ་དུས་དང་རྟེན་འབྲེལ་མང་པོས་དུས་སུ་བབ་པའི་དོན་དང་བསྟུན།འཛམ་གླིང་ཞི་བདེ་དང་།གངས་ལྗོངས་སྣོད་བཅུད་ཀྱི་རྒུད་སེལ་དུ་རླབས་ཆེན་པོའི་ཐུགས་བསྐྱེད་བཅས། སྤྱིར་སྲིད་པའི་ཟོ་དོར་དང་།སྒོས་བོད་སྐྱོང་རྗེ་ཡི་མགུར་ལྷ། ལྷག་པར་གླིང་རྗེ་གེ་སར་རྒྱལ་བློན་གྱི་བླ་རི་གཉན་པོ།བསྟན་སྲུང་རྨ་རྒྱལ་སྤོམ་རའི་བཞུགས་ནས་རྨ་ལུང་གངས་ཀྱི་ར་བའི་གནས་ཀྱི་ཤར་ཕྱོགས།ས་བཟང་བོ་གཡུ་བཟང་ལ་ཐོག་ཏུ་ཕྱི་ནང་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ངང་།གླིང་རྗེ་གེ་སར་རྒྱལ་པོའི་དཔལ་མཁར་སྒྲོན་ཞིང་ལྷ་བསང་རྒྱ་ཆེན་ཕུལ།དཔའ་བོ་དང་དཔའ་མོ་མཚོན་པའི་སྡེས་གླིང་བྲོ་བདེ་ཆེན་རོལ་མོ་སོགས་གླིང་སྐྱེས་བུའི་མཛད་རྣམ་རྗེས་དྲན་གྱིས་བྲོ་གར་དུ་མ་དང་བཅས་འཛམ་གླིང་ཞི་བདེ་དང་གངས་ལྗོངས་དགེ་བའི་བའི་ཐུགས་བསྐྱེད་བླ་མེད་གནང་།གླིང་རྗེ་སྐྱེས་བུའི་དཔལ་མཁར་གྱི་ཉེ་གམ་གཡུ་བཟང་ཆོས་ཁྲིའི་ལ་ཁ་ནས་འཁོར་འདུས་པ་ཁྲི་ཕྲག་ལྷག་ལ་གངས་ལྗོངས་ཞི་བདེའི་སྤྱི་རིམ་མ་ཎི་སྨོན་ལམ་ཆེན་མོ་ཚོགས་ཐེངས་བཅུ་བའི་ཆོས་འཁོར་ཞག་བདུན་ཕྲག་གཅིག་ལ་མཛད་པ་སོགས་བསྟན་འགྲོའི་དོན་ཆེན་ལ་རྩེ་གཅིག་ཏུ་དམིགས་པའི་མཛད་འཕྲིན་རྒྱ་ཆེན་གནང་བར་མཛད།གཞན་ཡང་གླིང་རྗེ་རྒྱལ་བློན་གྱི་གོ་མཚོན་གཏེར་དུ་སྦས་གནས་གོ་མཚོན་གཡུ་རྩེ་སོགས་རྨ་རྒྱལ་གྱི་ཕྱོགས་སོ་སོའི་གླིང་གེ་སར་དང་འབྲེལ་ཡོད་ཀྱི་གནས་རྣམས་སུ་ཐུགས་བསྐྱེད་རྒྱ་ཆེན་གྱིས་བསང་གསོལ་དང་གཏེར་སྦས་སོགས་ཕུན་སུམ་ཚོགས་པའི་བཀའ་དྲིན་བསྐྱངས་སོ།།