
འཛམ་གླིང་གི་གནས་ཆེན་ཤར་རྒྱ་ནག་རི་བོ་རྩེ་ལྔ་རུ་བཞུགས་པའི་གླིང་གེ་སར་གྱི་སྐུ་འདྲ་བྱིན་ལྡན་འདི་ནི།རྒྱ་ནག་གི་གནས་དགོན་གྲགས་ཅན་དུ་གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོའི་སྐུ་བརྙན་བཞེངས་པའི་ཆེས་ཐོག་མ་ཡིན་སྲིད་ལ།དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་ཐོག་མ་མེ་ཡོས་ལོའི་[སྤྱི་ལོ ༡༩༨༧ ]ས་ག་ཟླ་བའི་ནང་སྙིགས་དུས་ཀྱི་འགྲོ་བའི་མགོན་པོ་༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་འཁོར་བོད་འབངས་ཁྲི་ཕྲག་གིས་བསྐོར་ཏེ།ས་སྤྱོད་ཀྱི་ཞིང་ཁམས་རི་བོ་རྩེ་ལྔར་རྒྱལ་སྲས་འཇམ་དཔལ་དཔའ་བོའི་རང་ཞལ་མངོན་དུ་བྱེད་པར་ཆིབས་བསྒྱུར་གནང་བའི་དུས།གནས་ཆེན་དེར་གཞི་སྡོད་མི་མང་གིས་འདས་པའི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་བོད་མི་འདི་འདྲ་མང་པོ་གློ་བུར་དུ་ཐོན་དོན་ཅི་ཡིན་སྙམས་ནས་དོགས་པ་ཟོས་ཏེ།ཐད་ཀར་ཀྲུང་དབྱང་ལ་སྙན་ཞུ་ཕུལ་བ་སོགས་ཡར་མར་ཚབ་ཚུབ་ཀྱི་འུར་ངོ་ཅུང་བྱུང་བའི་དུས།གནས་ཆེན་རི་བོ་རྩེ་ལྔའི་[菩萨顶]གནས་སྙིང་དད་ཐོབ་བྱ་རྒོད་སྤུངས་རིའི་རྩེ་འམ།བྱང་ཆུབ་སྤོ་ནས༧ཆོས་རྗེ་མཆོག་གིས་ཁོར་ཚོགས་ལ་གསུང་གི་གསེང་མཐོན་པོ་འཇིགས་མེད་སེང་གེའི་ང་རོས།ད་ཐེངས་གེ་སར་སྐྱེས་བུ་ཆེན་པོར་འཕྲིན་ལས་བཅོལ་དང་།ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་གི་གསོལ་མཆོད་འཕྲིན་ལས་མྱུར་འགྲུབ་ཏུ།འདིར་སྡེ་ཆེན་རྩོད་དང་རྒྱན་ཆེན་འགྱེད།།དོན་ཆེན་བསྒྲུབ་སོགས་དུས་ཀྱི་ཚེ།།གལ་ཆེན་ནན་གྱི་བྱ་བ་ལ།།སྐྱེམས་ཕུད་གཏོར་མ་དར་སྣ་སོགས།།མཆོད་རྫས་ཇི་འབྱོར་འདུ་བྱས་ལ།།ཏིང་འཛིན་ངར་བསྐྱེད་དགྲ་བླ་གསོལ།།ལས་ཆེན་འགག་ལ་བསླུ་མི་སྲིད།།དམ་སྐོང་དབང་དང་དངོས་གྲུབ་ཐོབ། །ཅེས་གསུངས་ཡོད་པ་ནང་བཞིན་ད་ཐེངས་ཀྱི་བྱ་བ་ལ་ཉེ་ཞོ་ཅི་ཡང་ཡོད་མི་སྲིད་གསུངས་ཏེ་འདྲེན་མཆོག་དམ་པ་ཁོང་དབུར་བཞུགས་འདུས་པའི་སྡེ་ཆེན་གྱིས་ཇ་ཆང་གི་མཆོད་པ་བཤམས་ནས་གླིང་རྗེ་སྐྱེས་བུ་ཆེན་པོ་ལ་གསོལ་མཆོད་འཕྲིན་བཅོལ་བྱས།དེ་དང་ལྷན་༧ཆོས་རྗེ་ཆེན་པོས་རླངས་སྟོན་ཨ་བྱང་ཆུབ་འདྲེ་བཀོལ་གནས་འདིར་བཞུགས་དུས།གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོ་བླ་མར་མཇལ་དུ་གནས་འདིར་ཕེབས་མྱོང་བའི་ལོ་རྒྱུས་ཡོད་པ་སོགས་འདས་པའི་དུས་ཀྱི་རྟེན་འབྲེལ་ལ་གཞིགས་ན་མི་རིང་བར་རང་རེ་དཔོན་སློབ་གཡུལ་ལས་རྒྱལ་བར་ཐེ་ཚོམ་མི་དགོས་ཚུལ་གྱི་གསུང་བཤད་བཀའ་སློབ་ཀྱང་མང་པོ་ཞིག་གནང་བ་སྐལ་བཟང་གི་དྲན་ཡུལ་དུ་མཆིས།
ཉི་མ་དེའི་ཕྱི་ཉིན་ཙམ་ཞིག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐད་ཀར་ད་ཐེངས་བོད་མི་མང་པོ་རི་བོ་རྩེ་ལྔར་སོན་པ་ནི།ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་བཞིན་གནས་མཇལ་དང་ཕྱག་མཆོད་སྨོན་ལམ་གྱི་མཛད་སྒོ་སྤེལ་ཆེད་མ་གཏོགས་གནས་ཚུལ་གནད་འགག་ཅི་ཡང་མེད་ཚུལ་གྱི་དབུགས་དབྱུང་དང་།ཁྱད་པར་དུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གཙོས་དབུ་ཁྲིད་ཚོས་ཐད་ཀར་དགུ་རོང་རྒྱལ་སྲས་སོགས་སྐུ་ཚབ་ཆེད་མངག་གིས་རི་བོ་རྩེ་ལྔར་སོན་པའི་བོད་མི་སྤྱི་ལ་འཚམ་འདྲི་ཡང་བྱས།འདི་དུས་ཕྲན་གྱི་ཞེ་ལ་གླིང་རྗེ་སྐྱེས་བུའི་འཕྲིན་ལས་ལ་གཡེལ་བ་མི་འདུག་སྙམ་པའི་ངེས་ཤེས་ཤིག་ཀྱང་སྐྱེ་མྱོང་།
དེ་ནས་༧ཆོས་རྗེ་མཆོག་གིས་གནས་སྙིང་འདིར་གླིང་རྗེ་སྐྱེས་བུ་ཆེན་པོའི་སྐུ་འདྲ་ཞིག་བཞེངས་དགོས་ཞེས་ཐུགས་བཀོད་གནང་བ་བཞིན།འཇིམ་བཟོ་མཁས་པའི་གཙོ་བོ།ཅོག་སྟེང་མདོ་སྤྲུལ་ཚང་གིས་པཎ་ཆེན་བི་མའི་རྣམ་སྤྲུལ་དུ་ལུང་གིས་བསྟན་པར་གྲགས་པའི་མི་ཉག་རབ་སྒང་གི་འབག་བཟོ་མཁས་པ་བླ་མ་ཐུབ་བསྟན་དཔལ་འབྱོར་ཚང་དང་།གཞན་ད་ལྟའི་ལྷ་བཟོ་དཔལ་དཔལ་ལྡན་ནོར་བུ།འཇམ་དབྱངས་འོད་ཟེར།བཀྲ་ཤིས་ཚེ་རིང་སོགས་ཀྱིས་གླིང་གེ་སར་སྐྱེས་བུ་ཆེན་པོ་སྐུ་འཁོར་གསུམ་དཔའ་ཆས་ཡོངས་སུ་རྫོགས་ཤིང་།རྡོ་རྗེའི་ཆིབས་ཆེན་རྐྱང་རྒོད་ལ་བཅིབས་པའི་འཇིམ་སྐུ་བརྗིད་ལྡན་འདི་ཉིན་རེ་འགའི་དུས་ཡུན་ལ་བཞེངས།གུས་ཕྲན་ཀྱང་སྐུ་བརྙན་འདི་བཞེངས་པར་ས་རྡུང་བའི་གྲས་སུ་ཞུགས་པའི་སྐལ་བ་ཐོབ།སྐུའི་གཟུངས་གཞུག་རིང་བསྲེལ་སོགས་ཀྱང་༧ཆོས་རྗེ་མཆོག་གི་བྱིན་རྟེན་གྱིས་ཁྲོད་ནས་གནང་བར་ཐོས་ལ།ཕྱག་གི་མེ་ཏོག་གིས་རབ་གནས་རྟེན་བཞུགས་དང་ཐུགས་སྨོན་ཟབ་རྒྱས་གནང་།དེ་ནས་བཟུང་ཕྲན་ཆུང་སྐུ་འདྲ་འདིར་ཆེད་དུ་མཇལ་ཕྱག་བྱེད་པར་ཐེངས་འགའ་ལ་སོན་པ་ཡིན། ལྷག་པར་ལོ་སྔོན་མའི་ནང་བྱང་ཆུབ་སྤོའི་དགོན་པ་དེས་འཇིམ་སྐུའི་རིགས་བླངས་ནས་ཤུལ་དུ་གསེར་ཟངས་ཀྱི་སྐུ་རེ་གསར་བཞེངས་བྱེད་རྒྱུ་ཡིན་པར་ཐོས་པས།ཕྲན་ལ་བྱིན་ལྡན་གྱི་འཇིམ་སྐུ་འདི་གསེར་ཟངས་ཀྱི་སྐུ་བརྒྱ་སྟོང་ལས་རིན་ཐང་ཆེ་སྙམ་པའི་སེམས་ཁྲལ་བྱུང་མོད།རྗེས་མར་དམ་པའི་ཐུགས་སྐྱེད་དང་དད་ལྡན་འགས་སྲུང་སྐྱོབ་འོག་སྐུ་བརྙན་བརྗེ་དགོས་མ་བྱུང་བར་ཐོས་ཏེ།ད་ལོའི་དབྱར་དུས་ཆེད་དུ་གླིང་རྗེ་སྐྱེས་བུའི་སྐུ་འདྲ་བྱིན་ལྡན་སོགས་ལ་མཇལ་དུ་ཕྱིན་པ་ན།སྐུ་འདྲ་བྱིན་ལྡན་འདི་ད་དུང་གཟི་བརྗིད་ལྡན་པའི་ངང་བཞུགས་འདུག་པས་དད་གུས་དང་དགའ་བ་བླ་ན་མེད་པའི་ཕྱག་མཆོད་གསོལ་འདེབས་བྱས་ཤིང་།དྲན་རྟེན་གྱི་སྐུ་པར་བླངས་ཏེ་གནས་ཀྱི་ཉེ་ཞོལ་ནས་ཕྱིར་དྲན་གྱི་ས་བོན་ཙམ་འདིའི་ཟིན་ཐོ་ཡང་ཕྱོགས་ཙམ་བཀོད་པ་ཡིན་ནོ།།
ཞེས་སྨིན་དབུས་ཨ་དཀར་པོས་རི་བོ་རྩེ་ལྔ་ནས་ཟིན་ཐོར་བཏབ་ཅིང་སྤོས་ལྡན་ནས་བཅོས།