སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི།བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་།དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར།དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས།བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་།དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ།ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ།གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད།འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས།གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་།གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ།གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ།མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་།ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན།དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ།།ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་ སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་གེ་སར་དང་གླིང་བྲོའི་སྐོར་གླེང་བ། ༼ཁག་གཉིས་པ། ༽

 

ཨོ་རྒྱན་འཕྲིན་ལས་རྡོ་རྗེ།

གོང་བཀོད་ཀྱི་འཕྲོས། ཁག་གཉིས་པ།

གླིང་རྗེ་གེ་སར་དང་དཔའ་བརྟུལ་ཕ་ཁུ་མོ་སྨན་རྣམས་ཀྱི་ཕ་ཟོག་གཡང་རྫས་ཇི་སྙེད་ཅིག་བོད་ཆོལ་གསུམ་གང་སར་དད་རྟེན་དུ་བཞུགས་བཞིན་པ་ནས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་གདན་ས་ཆེན་མོ་མཚུར་མདོ་བོ་ལུང་དུ་བཞུགས་གསོལ་ཁ་ཅིག་དུས་འགྱུར་རྗེས་བྱེས་ཀྱི་གདན་ས་རུམ་བཏེག་ཀརྨ་བཤད་སྒྲུབ་ཆོས་འཁོར་གླིང་གི༧རྒྱལ་མཆོག༧ཡིད་བཞིན་ནོར་བུའི་གཟིམ་ཆུང་ཚོམས་ཆེན་དུ་རྟེན་གྲི་གསུམ་ཡོད་ཁོངས་ནས་འབྲུ་སྒ་བདེ་ཆོ་སྐྱོང་བེར་ནག་གི་ཕྱག་ཤན་སེ་རལ་རེག་གཅོད་དང་།ཡང་ཕུ་བོ་རྒྱ་ཚ་ཞལ་དཀར་གྱི་ཕྱག་ཤན་ཡ་ཟི་དཀར་ཕྲན་ནམ། ཁ་ཤས་ཀྱིས་དུང་སྐྱོང་དཔོན་གྱི་གྲི་རེད་ཅེས་ཟེར་སྲོལ་འདུག་ཀྱང་ལོ་རྒྱུས་དངོས་ལ་རྨ་རྒྱལ་སྤོམ་ར་ནས་ཀརྨ་པ་ལ་ཕུལ་བའི་གླིང་གེ་སར་རྒྱལ་པོའི་ཕྱག་ཤན་ཞེས་པ་ཞིག་འདུག་ཅིང་།གྲི་འདི་གཉིས་ཀྱི་གོ་ཚད་ཧ་ཅང་རིང་པོ་དང་།ནང་གྲི་ལྕགས་རྒྱུ་ནི་གནམ་ལྕགས་དཀར་པོ་དང་།ཕྱི་ཤུན་བཟོ་ཁྱད་ཧ་ཅང་གི་ངོ་མཚར་ཅན་རིན་པོ་ཆེ་སྣ་ལྔ་རིམ་པ་ལྟར་བསྒྲིགས་པ་ལ་སྤྲོས་ཅན་ཞིག་དང་།གྲི་དེ་གཉིས་ལས་གོ་ཚད་ཅུང་ཐུང་བ་ཅན་ཞིག་འདུགདེ་ནི་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གཞོན་སྐབས་ཀྱི་ཕྱག་ཤན་རྩེ་ལྷ་བཅུ་གསུམ་ཟེར་བ་དེ་རེད།ནང་གྲི་ངོས་གཅིག་ལ་རི་ཡི་རི་མོ་མི་འདྲ་བ་རྩེ་མོ་བཅུ་གསུམ་གྱི་རང་བྱོན་དང་ངོས་གཞན་མ་ལ་དུག་སྦྲུལ་གཉིས་གཤིབ་ཐུར་རྒྱུགས་ཀྱི་རི་མོ་ཡོད་པ་ཅན་ཞིག་ཡོད།མགོན་ཁང་ཆེན་མོའི་སྤྱན་གཟིགས་ཀྱི་གྲས་སུ།རི་པ་བག་ཡོད་གོང་མར་གཞི་བདག་མཐུ་ཆེན་ཞིག་གིས་ཕུལ་བར་གྲགས་པའི་ལྡོང་ཆོས་ལུ་བུ་ཡི་དར་འཕེན་གྱི་ཕྱག་ཤན་དམ་ཉམས་སྲོག་གཅོད་ཅེས་གྲགས་པ་ཞིག་དང་།དེ་བཞིན་རྒྱལ་དབང་ཐེག་མཆོག་རྡོ་རྗེར་རྨ་རྒྱལ་སྤོམ་ར་ནས་ཕུལ་བའི་འདན་མའི་ཕྱག་ཤན་འཇང་པ་ཡུ་དམར་དང་།ཡང་རྒྱལ་དབང་ཐེག་མཆོག་རྡོ་རྗེར་དཔའ་མོ་ཨ་སྟག་ཀླུ་མོ་ནས་དངོས་སུ་ཕུལ་བའི་དཔའ་མོའི་ཕྱག་ཤན་གསེར་ཐིག་བདུན་པ།དཔའ་ལ་མི་སྤྱང་དཀར་པོའི་ཕྱག་ཤན་མཚོན་ལེབ་ཆེན་བདུད་ཀྱི་བཤས་གྲི་བཅས་ཡོད།སྤྱིར་སྐྱབས་མགོན་ཡིད་བཞིན་ནོར་བུ་ཕྱོགས་ཕེབས་སྐབས།རག་དུང་འབུད་མཁན་གཉིས་ནས་བཤན་པའི་དུག་རལ་དང་།འབྲུ་སྒ་བདེའི་ཕྱག་ཤན་སེར་རལ་རེག་གཅོད་གཉིས་འཁུར་དགོས་ཀྱི་ཡོད་འདུག་ཅིང་།རྒྱལ་མཆོག་སྐུ་གོང་མ་ཕྱི་ལོ ༡༩༤༧ ལོར་བལ་ཡུལ་གནས་གཟིགས་ཕེབས་ལམ་བལ་ཡུལ་སྦོག་རར་དེ་སྐབས་རག་དུང་བ་འཇམ་དབྱངས་ནོར་འཕེལ་ཟེར་བ་ནས་དུག་རལ་འབར་བ་བོར་བརླག་གིས།རྗེས་སོར་གདན་སར་འབྱོར་སྐབས་ཉེས་ཆད་ལོ་མང་ཁོ་པ་ནས་ཇ་འདྲེན་བྱས་པའི་ལོ་རྒྱུས་འདུག་པ་རྒན་རབས་ངག་རྒྱུན་ལྟར་དང་།

ཀར་རབས་བཅུ་བཞི་པ་ཆེན་པོ་ཡང་གླིང་རྗེ་གེ་སར་དང་གདུང་རུས་གཅིག་མཚུངས་སྨུག་པོ་ལྡོང་གི་བརྒྱུད་དུ་རི་ཆེ་ཟླ་ནང་དཔོན་ཚང་དུ་སྐུ་འཁྲུངས་པ་དང་།རྒྱལ་དབང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ(1871)_(1922)མཆོག་གི་སྐུ་ཚེ་གཅིག་རིང་གླིང་རྗེ་གེ་སར་གྱི་རྣམ་ཐར་གསན་པར་ཤིན་ཏུ་དགྱེས་སྤྲོ་ཡོད་སྟབས་རི་པ་བག་ཡོད་སྐུ་ཕྲེང་བདུན་པ་ཀརྨ་སྒྲུབ་བརྒྱུད་འཕྲིན་ལས་རབ་རྒྱལ་གྱིས་གེ་སར་ཆོས་སྒྲུང་ཕུལ་སྐོར་བག་ཡོད་རྣམ་ཐར་དད་གསུམ་པདྨོ་བཞད་པའི་བདུད་རྩིའི་ནང་གསལ་བས་མཚོན་གླིང་ཆེ་འབྲིང་ཆུང་གསུམ་གྱི་དཔའ་བརྟུལ་སུམ་ཅུ་དང་།ཡང་ཐུལ་དམ་པའི་མི་བདུན།ཞེ་ཐུལ་ཁྲ་གླག་སྤྱང་གསུམ་སོགས་ཀྱི་སྐུ་ཐང་གྲྭ་ཚར་ཞལ་བཀོད་དང་དོད་ཆེན་པོ་མཛད་པར་གྲགས།རྒྱལ་དབང་གོང་མ་རིག་པའི་རྡོ་རྗེའི(1924)_(1981)ཡབ་འདན་ཁོག་ཨ་ཐུབ་སྲས་པོ་ཚེ་དབང་ཕུན་ཚོགས་ཀྱང་ཤིན་ཏུ་སྒྲུང་དགའ་ཆེན་པོ་ཡིན་ཞིང་།ཨ་ཐུབ་ཕོ་བྲང་ནང་རྫོང་ཆེན་བཅོ་བརྒྱད་ཀྱི་ཕྱག་དཔེ་ཆ་ཚང་བཞུགས་སུ་གསོལ་བ་དང་།ཁ་གཅིག་གིས་བཤད་སྲོལ་ལྟར་ན་འཇུ་མི་ཕམ་གྱིས་ལྗགས་སྒྲིག་གླིང་བྲོ་ཡང་འདན་ཨ་ཐུབ་ཕོ་བྲང་ནང་འཁྲབ་སྲོལ་བཙུགས་སྐད།རྒྱལ་དབང་རིག་པའི་རྡོ་རྗེ་འང་གླིང་རྗེ་གེ་སར་སྒྲུང་ཡིག་ལ་ཤིན་ཏུ་ཐུགས་མོས་ཆེ་ཞིང་ལྕགས་འབྲུག༡༩༤༠ ལོར་སྩལ་བའི་གསུང་མགུར་ལས། མི་ང་འདྲ་ང་ངོ་མ་ཤེས་ན།།འདན་ཤུག་ར་སྐྱིད་ཀྱི་ཡར་ནང་ནས། །ཤུག་ར་སྐྱིད་ཀྱི་མར་ནང་ནས། །ཤུག་ར་གཉིས་ཀྱི་བར་མཚམས་ན།།ཚ་ཞང་འདན་མའི་བུ་བརྒྱུད་ལ། །མིང་བོས་ན་ཐུབ་བསྟན་དགེ་ལེགས་ཟེར། ། ཞེས་གསུངས་པ་དང་།སྐབས་སུ་བབ་པའི་སྣང་གླུ་རྐང་དྲུག་བུང་བའི་ལྡིང་དབྱངས་ཀྱིས་གཙོས་སྐུ་ན་ཕྲ་སྐབས་གེ་སར་ཆོས་སྒྲུང་སིལ་མ་ལྟར་དུ་གནང་བའི་གསུང་མགུར་མང་དག་བཞུགས་སྐད།དུས་འགྱུར་སྐབས་མཚུར་ཕུའི་ཕྱག་སྐུ་ནས་གེ་སར་སྒྲུང་ཡིག་དྲེལ་རྒྱབ་གཅིག་འབྲས་ལྗོངས་ནང་གདན་ཞུ་གནང་བའི་གྲགས་པ་ཆེ།

སྨར་ཁམས་ཀེ་རེའི་ལྷ་སྒང་རིང་མོའི་འདབ་རོལ་ཁོ་བོའི་སྐྱེད་བྱེད་ལྷ་ཐོག་བ་གོར་རུ་བའི་ཚེ་དང་ལྡན་པ་ཀརྨ་དོན་གྲུབ་བཀྲ་ཤིས་ཀྱང་རྟག་ཏུ་གེ་སར་སྒྲུང་ཡིག་འདོན་རྒྱུ་དང་ཉན་རྒྱུར་དགའ་མོས་ཆེ་ཞིང་།གླིང་རྗེ་གེ་སར་སྒྲུབ་ཐབས་ལས་ཚོགས་སོགས་ལ་མོས་གུས་དག་སྣང་ཅན་ཞིག་ཡོད་པ་ད་ལྟའང་ལྷང་ངེར་དྲན་པ་བཅས་ཞོར་འཕྲོས་སོ།།

སྐབས་སུ་བབ་པར་འཇམ་དཔལ་དབྱངས་དངོས་འཇུ་མི་ཕམ་རིན་པོ་ཆེའི(1846)_(1912)དགོངས་གཏེར་ལས་བྱོན་པའི་གླིང་རྗེ་གེ་སར་རྒྱལ་པོའི་དག་སྣང་ཆོས་སྐོར་ལས་གླིང་བྲོ་བདེ་ཆེན་རོལ་མོ་ཞེས་པར་ལེའུ་ཚན་བཞི་དང་རྟེན་འབྲེལ་ལམ་ཡག་ཅེས་པའི་ལེ་ཚན་གཅིག་བཅས་མཛད་པ་རྣམས་རྩ་བར་བྱས་ཏེ།བོད་ཀྱི་སྲིད་སྐྱོང་རྒྱལ་ཟུར་རྭ་སྒྲེང་སྐུ་ཕྲེང་ལྔ་པ་རིན་པོ་ཆེས (1912)_(1947) གླིང་བྲོའི་སྲུབ་འཇུག་ཁ་སྐོང་ཞུས་ཏེ་ལེའུ༡༢ ཀྱི་བདག་ཉིད་ཅན་མཛད་ཅིང་ཉིད་ཀྱིས་སྐྱོང་འོས་གདན་ས་རྭ་སྒྲེང་དགོན་པར་འཁྲབ་སྲོལ་དབུ་འབྱེད་གནང་སྐབས་རྒྱལ་ཟུར་རྭ་སྒྲེང་རིན་པོ་ཆེས་བྲོ་དཔོན་དུ་མདོ་ཁམས་སྒོམ་སྡེ་ནང་ཆེན་ནས་ཡིན་པའི་སྟག་གསར་ཚང་ནོར་བཟང་ལགས་བསྐོ་བཞག་དང་འབྲེལ་ཕལ་ཆེར་༡༩༤༧ བར་ལོ་ཤས་འཁྲབ་སྟོན་ཞུས་ཚོད། ཆབ་སྲིད་དུས་འགྱུར་དབང་གིས་རྭ་སྒྲེང་བྲོ་དཔོན་ནོར་བཟང་རྒྱ་གར་དུ་འབྱོར་རྗེས་དང་ཐོག་རྒྱ་གར་ལྷོ་ཤར་ཨོ་རེ་ས་ཕུན་ཚོགས་གླིང་གཞིས་སྒར་དུ་གཙོ་བོ་སྔ་འགྱུར་བསྟན་པའི་སྲོག་ཤིང་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་བཀའ་འབྲེལ་དབུགས་དབྱུང་གིས་རྒྱལ་ཟུར་རྭ་སྒྲེང་རིན་པོ་ཆེས་ཕྱོགས་བསྒྲིགས་གླིང་བྲོའི་བསྟན་པའི་མེ་རོ་བསྐྱར་གསོ་གནང་འདུག རིམ་པའི་རྭ་སྒྲེང་བྲོ་དཔོན་ནོར་བཟང་ནས་བརྒྱུད་པའི་གླིང་བྲོ་ཚོགས་ཁག་ཨོ་རེ་ས་གཞིས་ཆགས་དང་།བལ་ཡུལ་རྒྱལ་ས།རྒྱ་གར་ཤར་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་ཊུ་ཊིང་སོགས་གང་སར་ཁྱབ་བརྡལ་བྱུང་བ་དང་།ལྷག་པར་དུ་མདོ་ཁམས་ཚ་སྟོད་རི་དགོན་བཀྲ་ཤིས་ཆོས་གླིང་གི་རི་བླའི་གདུང་འཛིན་ལྕམ་དྲལ་རྣམས་ནས་ཀྱང་རྭ་སྒྲེང་བྲོ་དཔོན་ནོར་བཟང་ནས་བརྒྱུད་པའི་གླིང་བྲོ་གཞིས་བྱེས་གཉིས་སུ་རྒྱུན་མཐུད་དར་སྤེལ་མཛད་འདུག

ད་ཆ་རྭ་སྒྲེང་བྲོ་དཔོན་ནོར་བཟང་གི་བུ་མོ་དབྱངས་འཛོམས་དང་སྐལ་བཟང་ཆོས་སྒྲོན།ཚ་མོ་ཀུན་བཟང་དཔལ་མོ་དང་ཚེ་གཡང་སྒྲོལ་མ་བཅས་མི་ཐོག་གསུམ་གྱིས་གླིང་བྲོའི་བརྒྱུད་འཛིན་གསོན་ཉམས་ལྡན་པར་མུ་མཐུད་གནངས་མུས་སུ་ཡིན་འདུག་པ་ཡིད་སྤྲོའི་གནས་སུ་མཆིས།

 

༼མུ་འགོད། ༽ ཁག་རྗེས་མར་གཟིགས།

 

ཀློག་གྲངས།:[3572]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com