སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གསེར་རྟ་གེ་སར་ཟློས་གར་ཚོགས་པ་ངོ་སྤྲོད་གནད་བསྡུས།

 

གསེར་རྟ་གེ་སར་ཟློས་གར།
དབལ་ཤུལ་རང་བྱུང་།
གེ་སར་ཟློས་གར་ནི་མདོ་སྨད་གསེར་རྟའི་མཆོག་སྤྲུལ་པད་མ་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་གིས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ལོ་མགོར་གསར་གཏོད་མཛད་པ་སྟེ། དེ་ནི་བོད་ཁུལ་ཡོངས་དང་འཛམ་གླིང་ལ་ལྟོས་ནས་བཤད་ན་གེ་སར་ཟློས་གར་གར་སྟེགས་སུ་བསྐྱལ་བའི་ལོ་རྒྱུས་རིང་བཞིན་གྱི་གསར་རྩོམ་ཆེན་མོ་ཞིག་ཡིན་ལ། དེའི་ཡན་དུ་བོད་ཁུལ་ཡོངས་སུ་སྲོལ་རྒྱུན་རྣམ་ཐར་ཆེ་བརྒྱད་ཙམ་ལས་གེ་སར་གྱི་སྒྲུང་འཁྲབ་གཞུང་དུ་བསྒྱུར་ཞིང་གར་སྟེགས་སུ་འཁྲབ་སྟོན་བྱེད་སྲོལ་མེད་པས། མཆོག་སྤྲུལ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་གིས་བོད་ཀྱི་ཟློས་གར་རིག་གནས་ལ་མེད་པ་གསར་སྣོན་ཏེ་བླ་ན་མེད་པའི་མཛད་རྗེས་ཆེན་པོ་འདི་བཞག་གནང་མཛད་པ་ནི་གེ་སར་རིག་གནས་པ་དང་གེ་སར་ཟློས་གར་བ། མི་རིགས་སྒྱུ་རྩལ་བ་ཀུན་གྱིས་བཀའ་དྲིན་ཞུ་འོས་པ་ཞིག་རེད། གསེར་རྟ་གེ་སར་ཟློས་གར་འདི་ད་ལྟ་རྒྱལ་ཁབ་རིམ་པའི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་ཏུ་གྱུར་ཡོད།    སྤྱི་ལོ་༡༩༨༦ལོར་གོང་ས་༧་ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་གསེར་རྟ་རུ་ཆིབས་བསྒྱུར་གནང་ཞིང་གེ་སར་ཟློས་གར་ལ་ཐུགས་དགྱེས་གཟེངས་བསྟོད་དང་རྒྱབ་སྐྱོར་བླ་ལྷག་མཛད།   གསེར་རྟ་གེ་སར་ཟློས་གར་ཚོགས་པས་གེ་སར་གྱི་འཁྲབ་གཞུང་གང་མང་གསར་རྩོམ་འཁྲབ་སྟོན་བྱས་ཏེ་བོད་ཁུལ་ཡོངས་སུ་གྲགས་འགུལ་བསླངས་བ་མ་ཟད། མཚོ་སྔོན་མགོ་ལོག་གི་ས་ཆ་དང་སི་ཁྲོན་དཀར་མཛེས་ཀྱི་ས་ཆ་གང་མང་དུ་གེ་སར་ཟློས་གར་བརྒྱུད་སྤེལ་གྱིས་ཡན་ལག་མང་དུ་བཙུགས་པ་དང་། བོད་ཁུལ་གྱི་དགོན་ཁག་གང་མང་དུ་གེ་སར་ཟློས་གར་གསར་བཙུགས་གནང་ཡོད་པ་རེད།
སྤྱི་ལོ་༢༠༠༠ལོ་གསེར་རྟ་གེ་སར་ཟློས་གར་ཚོགས་པས་གེ་སར་གར་སྟེགས་ཟློས་གར་དེ་རྩྭ་ཐང་དུ་རྟ་ཐོག་ནས་འཁྲབ་ཞིང་"རྟ་རྒྱུག་རྒྱལ་འཇོག་"གློག་བརྙན་དུ་ཕབ། དེའང་བོད་ཁུལ་གྱི་ཆེས་ཐོག་མའི་གེ་སར་རྟ་འཆམ་དང་གློག་བརྙན་ཕབ་བསྐྲུན་གྱི་ལས་གཞི་རུ་གྱུར་ཡོད་པ་རེད།
སྤྱི་ལོ་༢༠༠༥ལོར་གསེར་རྟ་གེ་སར་ཟློས་གར་པོ་ལན་རྒྱལ་ཁབ་ཏུ་འཁྲབ་སྟོན་བྱས་ཏེ་སྲོལ་རྒྱུན་ཟློས་གར་གྱི་རྣམ་པའི་གེ་སར་འཁྲབ་སྟོན་རྒྱལ་སྤྱིའི་གར་སྟེགས་སུ་བསྐྱལ་བ་རེད།
སྤྱི་ལོ་༢༠༠༧ལོར་གསེར་རྟ་གེ་སར་ཟློས་གར་ཚོགས་པ་དབྱིན་ཇི་རྒྱལ་ཁབ་ཏུ་མཚམས་འདྲིའི་འཁྲབ་སྟོན་དུ་སོང་སྟེ། བོད་ཀྱི་གེ་སར་ཟློས་གར་གསར་རྩོམ་ཚོགས་པ་འདིའི་སྒྱུ་རྩལ་འཁྲབ་སྟོན་གྱི་ཁྱད་ཆོས་ལ་ས་གནས་དེའི་ཆེད་མཁས་པ་དང་སྒྱུ་རྩལ་ལས་གཉེར་པ། ལྟད་མོ་བ་སྟོང་ཕྲག་མག་པོས་དགའ་བསུ་ཐོབ་ཡོད།
ཚོགས་པ་འདིས་མུ་མཐུད་གེ་སར་ཟློས་གར་ལ་གསར་གཏོད་གསར་སྤེལ་དང་། སྒྱུ་རྩལ་གྱི་མཛེས་ཆ་དང་སྤུས་ཚད་མཐོར་འདེགས་ཀྱིས་གླིང་གེ་སར་ཟློས་གར་གསར་གཏོད་ཀྱི་ལོ་རྒྱུས་རིང་བཞིན་གྱི་གྲུབ་འབྲས་ལ་སྔར་བས་བཀྲག་མདངས་རྒྱས་སུ་འཇུག་པར་འབད་པ་ལྷུར་ལེན་གནང་བཞིན་ཡོད།

 

ཀློག་གྲངས།:[5546]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com