༈ རིག་འཛིན་འཛམ་གླིང་བརྒྱན་མཆོག་གི་འཁྲུངས་རབ་གསོལ་འདེབས་པདྨ་དཀར་པོའི་ཕྲེང་བ་
ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་ཤྲཱི་ཡེ།ཆོས་དབྱིངས་ཁྱབ་བརྡལ་འོད་གསལ་མཁའ་དབྱིངས་ལས། །མ་བཅོས་ལྷུན་གྲུབ་བདེ་ཆེན་སྙིང་རྗེ་ཡི།།སྤྲོས་བྲལ་རིག་པའི་རང་གསལ་མ་འགགས་པ། །ཀུན་བཟང་རྡོར་འཆང་སྤྱན་གཟིགས་འཇམ་དཔལ་དབྱངས།གསོལ་བ་འདེབས་སོ་མཆོག་ཐུན་བྱིན་རླབས་སྩོལ། །སྔོན་ཚེ་མར་མེ་མཛད་ཀྱི་བསྟན་པ་ལ།།བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་དཔལ། །བསྐལ་པ་བཟང་པོ་འདི་ལ་ཐུགས་བསྐྱེད་པ།།འཁོར་བ་འཇིགས་དང་གསེར་ཐུབ་འོད་སྲུང་ཅན། །ཚངས་བྱིན་འཁོར་ལོའི་དཔའ་བོ་སེང་གེ་ཟེར། །དེད་དཔོན་དཔལ་གྱི་དབང་ཕྱུག་མི་ཞུམ་སྡེ།།བྲམ་ཟེ་ཆེན་པོ་ཀུ་ན་དྲིག་ཆེན་པོ། །ཐུབ་ཆེན་དོན་ཀུན་གྲུབ་པའི་ཉན་ཐོས་ཆེ།།ཉེ་བར་འཁོར་ཞེས་བཀའ་ཡི་བསྡུ་བ་པོ། །གངས་ཅན་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་བཙན།།གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྨོན་ལམ་ལས་སད་ཚངས་པ་ཆེན་པོའི་སྲས།།དྲི་མེད་མདངས་ལྡན་པདྨའི་ཞལ་རས་ཅན། །མཐོ་ན་དཔལ་གྱི་འབྱུང་གནས་ཐོས་པ་དགའ། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་སྟོབས་ཆེན་པོ།།ལྷ་དབང་བརྒྱ་བྱིན་པདྨའི་ཚལ་ཆེན་ལས། །འདབ་སྟོང་རྒྱས་པའི་དབུས་སུ་པདྨ་འབྱུང༌།།བདེ་བར་གཤེགས་པ་སྐར་ཚོགས་གྲངས་མང་བ། །ཀུན་ཀྱིས་བཀའ་གྲོས་བདུད་འདུལ་དཔའ་བོ་ཆེ།།ཚངས་སྲས་ལྷ་བུ་ཐོས་དགའ་ཕོ་ཉར་བཏགས༔ གསོལ་བ་འདེབས་སོ་སྨོན་ལམ་མཐར་ཕྱིན་ཤོག།སྨོན་སྐྱིད་རྨ་ཡུལ་ས་ཡི་ཐིག་ལེ་རུ། །མཐོང་བ་ཀུན་སྨོན་ཞེས་སུ་སྐུ་བལྟམས་པ། །སྐུ་རྗེ་གེ་སར་དགྲ་བླའི་སྐྱེས་བུར་གྲགས།།ས་ཆེན་གཡོ་བའི་སྟོབས་ཀྱིས་གར་དགུའི་རོལ། །འབར་བའི་ཁྲོ་རྒྱལ་རྡོ་རྗེ་མེ་རི་ཡིས།།ལྷ་མིན་འཕུར་བའི་བྱ་སྒྲོ་མེར་བསྲེགས་བཞིན།།རིག་འཛིན་ལྷ་དམག་རྒྱ་མཚོ་དབྱིངས་ནས་བསྐུལ།།ཉོན་མོངས་རྒྱལ་ཁབ་བཅོ་བརྒྱད་ཐལ་བར་བརླག །རྒྱལ་བསྟན་རིན་ཆེན་གདུགས་དཀར་སྲིད་རྩེར་བསྒྲེངས།།དཀོན་མཆོག་དབུ་འཕང་མཐོ་བའི་དབྱར་རྔ་བསྒྲགས།།གསོལ་བ་འདེབས་སོ་བདུད་བཞིའི་བར་ཆད་སོལ། །ལྔ་བདོའི་མར་ཤམ་དུ་རུའི་མཇུག་ལྡང་ཚེ།།རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན། །གྱུར་ནས་ཡིད་སྲུབ་དཔུང་བཅས་བརླག་པར་མཛད།།མ་འོངས་བསྐལ་པ་འདི་རུ་མངོན་སངས་རྒྱས། །དེ་བཞིན་གཤེགས་པ་སྒྲོན་མ་སྣང་ཆེན་པོར།།མངོན་པར་གྱུར་ཚེ་སྐྱེས་བུ་ཆེན་པོ་ལ། །གུས་ཤིང་མོས་པས་སྐྱབས་སུ་གྱུར་པ་ཀུན།།འདུས་པ་དང་པོར་དགྲ་བཅོམ་འབྲས་བུར་འཐོབ། །གཟུགས་ཅན་གཟུགས་མེད་ཡིད་ཅན་མཐའ་དག་རྣམས། །ཉོན་མོངས་མེད་ཅིང་ཕྱིར་མི་ལྡོག་ཏུ་བཀོད།།མདོར་ན་བདེ་གཤེགས་གཅིག་བསྡུས་པད་འབྱུང་རྗེའི།།རྣམ་རོལ་ཆེན་པོ་འཛམ་གླིང་རྒྱན་མཆོག་ལ། །གསོལ་བཏབ་གསང་བ་གསུམ་དང་དབྱེར་མེད་པ།།ཟབ་རྒྱས་ཆོས་ཀྱིས་འགྲོ་རྣམས་སྨིན་པ་དང༌། །ཐེག་ཆེན་ལམ་ལ་བར་ཆད་མེད་པ་རུ།།སྐྱེ་ནས་སྐྱེ་བར་ཁྱེད་ཀྱི་རྗེས་བཟུང་ཞིང༌། །མགོན་དེའི་གོ་འཕང་མྱུར་དུ་འགྲུབ་གྱུར་ནས།བར་ཆད་ཀུན་ཞི་དོན་གཉིས་ལྷུན་འགྲུབ་ཤོག །རེ་བའི་འབྲས་བུ་མཐའ་དག་འབད་མེད་པར།།རྟག་ཏུ་བཅོལ་བའི་སྐྱེས་མཆོག་དགྲ་བླ་ཆེས། །རྣལ་འབྱོར་བསམ་པ་འགྲུབ་པར་མཛད་དུ་གསོལ།།ཅེས་པ་དགེ་བཅུའི་ཁྲིམས་ཀྱིས་མངའ་འབངས་ཆོས་བཞིན་སྐྱོང་བ་གནམ་སྒར་མི་དབང་གི་ཏརྠའི་བཀའ་ལྡོག་ཏུ་མ་སྤོབས་པས།མདོ་སྔགས་རྒྱུད་ལུང་གང་ལའང་ལྟ་ས་མེད་པ་དེང་སང་སྒྲུང་རྣམས་རྟ་མོག་རོའི་སྤུ་འདྲ་བ་ལྟ་ཞོགརང་ཡང་བློ་གཏད་སོ་མེད་ཀྱང༌།རྫུན་བག་ཙམ་གྱིས་བསྒྲིགས་པ་ཡེ་ཤེས་སྤྱན་ལྡན་རྣམས་ལ་བཤགས་ཤིང་འོན་ཀྱང་སྐྱེས་བུ་ཆེན་པོའི་བྱིན་རླབས་ཅུང་ཙམ་ཐོབ་པ་རེ་སྨོན་བགྱིས་ཏེ་འགྲོ་བ་ཀུན་ལ་དཔལ་འབྱོར་དགེ་ལེགས་བཀྲ་ཤིས་དཔལ་འབར་གྱིས་གནས་གྱུར་ཅིགརབ་རྒྱལ་ཆུ་རྟ་ཟླ་ཚེས་ལ་རི་པ་བག་ཡོད་སྤྲུལ་མིང་པས་བྲིས་བ་དགེ །