སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི།བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་།དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར།དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས།བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་།དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ།ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ།གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད།འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས།གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་།གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ།གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ།མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་།ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན།དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ།།ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་ སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་རྗེ་གེ་སར་སྐྱེས་བུའི་མཆོད་སྒྲུབ་ཕྱོགས་བསྡུས་བྱིན་རླབས་གཏེར་མཛོད། དེབ་ཕྲེང་ལེགས་གྲུབ་བྱུང་བ།

 

 

             སྡུད་སྒྲིག་གསལ་བཤད།

དེ་ཡང་འཛམ་གླིང་ན་སྐད་གྲགས་ཆེ་བའི་དཔའ་བོའི་མི་སྣ་གླིང་གེ་སར་རྒྱལ་པོ་མཆོག་ནི། བོད་ཆེན་པོ་སིལ་བུར་འཐོར་བའི་རྗེས་ཏེ། རབ་བྱུང་དང་པོའི་བགྲང་བྱ་བཅུ་གཉིས་པ་ས་ཕོ་སྟག་ལ་མདོ་ཁམས་གླིང་ཡུལ་དུ་སྐུ་འཁྲུངས་པའི་དོན་དངོས་ལོ་རྒྱུས་སྟེང་གི་མི་སྣ་རླབས་ཆེན་ཞིག་ཡིན་ལ། ཁོང་གིས་སྐུ་ན་ཆུང་བའི་དུས་དཀའ་སྤྱད་མང་པོ་བརྒྱུད་མཐར་གླིང་དཔའ་བརྟུལ་ཕུ་ནུ་ཚོགས་པའི་གཙོ་བོ་དང་གླིང་སྡེ་སྤྱིའི་དཔོན་པོར་གྱུར། རིམ་བཞིན་ཁོང་གིས་ཁོར་ཡུག་མང་ཚོགས་ཀྱི་དབུལ་ཕྱུག་དང་བདེ་སྡུག་མི་སྙོམས་པའི་གནས་བབ་ལ་ཐུགས་ཁུར་ཆེན་པོས་སྐབས་དེའི་སྤྱི་ཚོགས་བདེ་འཇགས་ལ་གནོད་སེམས་ཆེ་བའི་ཧོར་བདུད་སོགས་མི་བསྲུན་མང་པོ་ཞིག་དཔའ་ཕོ་རྩལ་གྱིས་ཆམ་ལ་ཕབ་སྟེ། ཧོར་ཤན་པ་དང་། འཇང་གཡུ་ལྷ་སོགས་ལ་མནའ་འབྲེལ་མཛའ་མཐུན་གྱི་སྦྲེལ་ལམ་བཙུགས་པའི་སྟོབས་ཤུགས་ལ་བརྟེན། ཁོར་ཡུག་གི་ཡུལ་ལུང་སྡེ་ཁག་མང་པོ་ཞི་བདེ་གཅིག་གྱུར་དང་རང་དབང་བདེ་འཇགས་ལ་བཀོད་ཅིང་། རྣམ་པ་དྲག་པོ་ཡིན་ཡང་ངོ་བོ་བྱམས་བརྩེ་ལས་མ་འདས་པའི་ཆབ་སྲིད་བསྐྱངས་ཏེ་བོད་མི་རྣམས་ཀྱི་སེམས་ནང་ལ་ཁོང་གི་རླབས་ཆེན་མཛད་རྗེས་ནི་མེས་པོ་གོང་མ་སུས་ཀྱང་འགྲན་དུ་མེད་པ་ཞིག་རེད་སྙམ་པའི་སྣང་བརྙན་བསྐྲུན། ལྷག་པར་དུ་རླངས་གྲུབ་ཆེན་ཨ་མེས་བྱང་ཆུབ་འདྲེ་བཀོལ་རྩ་བའི་བླ་མར་བསྟེན་ཏེ། རྒྱལ་བའི་དབང་པོ་ཨོ་རྒྱན་ཡབ་ཡུམ་ནས་བརྒྱུད་པའི་ཟབ་ལམ་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་ལ་བརྩོན་སྒྲུབ་ནན་ཏན་དུ་མཛད་པའི་སྦྱང་འབྲས་ལ་བརྟེན། སྐུ་ཚེ་གཅིག་གི་ཡུན་ལ་རྣམ་གྲོལ་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་མཛད་དེ། མཁའ་སྤྱོད་རྡོ་རྗེའི་གྲོང་དུ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ཤིང་། མཐའ་ཡས་པའི་འགྲོ་ཁམས་སྤྱིའི་ཁྱོན་ལ་ཐུགས་ཀུན་ཁྱབ་བརྩེ་ཆེན་ཡེ་ཤེས་ཀྱི་ཕྲིན་ལས། དུས་ཇི་སྲིད་ནམ་མཁའ་གནས་ཀྱི་བར་འཕོ་མེད་རྟག་ཁྱབ་ལྷུན་གྲུབ་ཏུ་འཇུག་པ་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་གདུལ་བྱའི་ཞིང་གི་ཁྱོན་ལ་གང་འདུལ་དེར་སྟོན་དུ་འབྱུང་ཞིང་། རྨད་བྱུང་གསང་བ་གསུམ་གྱི་མཛད་པ་རྣམ་ཐར་མི་ཉམས་གོང་འཕེལ་དུ་འགྲོ་བའི་རྒྱུ་མཚན་གྱིས། བོད་སྔ་རབས་པ་དག་གིས་ཁོང་ལ་འཛམ་གླིང་གེ་སར་རྒྱལ་པོ་ཞེས་སྔོན་དཔག་གདེང་འཇོག་གི་མཚན་ཐོབ་ཅིག་བསྩལ་མྱོང་བ་ནང་བཞིན། ད་ལྟ་ཁོང་གི་རྣམ་ཐར་འཛམ་གླིང་ཆེན་པོའི་རིག་པའི་བང་མཛོད་ཀྱི་ནོར་བུ་རྩ་ཆེན་ཞིག་ཏུ་གྱུར་ཡོད་པ་སོགས་ནི་ཀུན་གྱིས་མཁྱེན་གསལ་ཡིན་པ་དེའོ། ། སྤྱིར་གླིང་རྗེ་གེ་སར་རྒྱལ་པོ་མཆོག་ནི། ལོ་རྒྱུས་པ་ཚོས་སྟག་གི་ལོ་ལ་སྦྲུལ་གྱི་མཇུག་མ་ཅན་ཞེས་ཡིག་ཚང་རྙིང་པའི་བཞེད་པ་ལྟར། མདོ་ཁམས་གླིང་ཡུལ་དུ་སྐུ་འཁྲུངས་ནས་དགུང་ལོ་གྱ་བརྒྱད་ལ་བཞུགས་པའི་རྣམ་ཐར་དངོས་ཀྱི་བཤད་རྒྱུན་ཟིན་བྲིས་མང་པོ་བཀོད་མྱོང་ཡོད་པ་དང་། ས་བོན་དེ་དག་ལ་གཞི་བྱས་ནས་བོད་ཀྱི་སྙན་ངག་པ་རྣམས་ཀྱིས་ཁ་སྣོན་རྒྱས་སྤྲོས་ལས་གྲུབ་པའི་གླིང་སྒྲུང་དཔའ་བོའི་རྟོགས་བརྗོད་རིང་མོའི་རིགས་དང་། གཞན་གླིང་ཚང་གི་མི་རབས་ཕྱི་མ་དག་གི་གཙོས་བོད་ཀྱི་ས་གནས་སོ་སོ་ནས་གླིང་རྗེ་ཁོང་ལ་ཡིད་གཉིས་ཐེ་ཚོམ་བྲལ་བའི་དད་འདུན་བྱས་པའི་སེམས་ཁམས་དང་འབྲེལ། ལས་སྨོན་ཅན་གྱི་གང་ཟག་ཁྱད་པར་བ་དག་གི་རིག་རྩལ་བརྡ་སྣང་ལ་སེང་ཆེན་དགྲ་བླ་ཝེར་མའི་ཡེ་ཤེས་ཀྱི་འཇུག་པ་ཐུན་མོང་མ་ཡིན་པ་རེ་ཞུགས་པའི་རྟེན་འབྲེལ་གྱིས་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་སྒྲུང་དང་ནང་གི་སྒྲུབ་ཐབས་ཟབ་མོའི་སྐོར་ཤིན་ཏུ་མང་པོ་བྱུང་ཞིང་། ཕྱི་མ་གླིང་རྗེ་ལྷ་རུ་སྒྲུབ་ཐབས་ཀྱི་སྐོར་ལ་ཡང་། བོད་སྔ་རབས་ཀྱི་མཁས་གྲུབ་ཆེན་པོ་ཡེལ་བ་ཡེ་ཤེས་བརྩེགས་ཡབ་སྲས་ཀྱི་སྐུ་དུས་ཡས་མས་ནས་བཟུང་། ད་ལྟའི་བར་བོད་ཀྱི་མཁས་གྲུབ་མང་པོས་བྲིས་པའི་ཆོས་སྐོར་རྒྱས་འབྲིང་བསྡུས་གསུམ་ཇི་སྙེད་ཅིག་བཞུགས་པ་ལས། ད་ཐེངས་འདིར་བོད་ཀྱི་མཁས་གྲུབ་སྔ་རབས་པ་ཀརྨ་པཀྵི་མཆོག་ནས་བཟུང་། དུས་རབས་ཉི་ཤུ་པའི་སྟོད་ཡན་དུ་བྱོན་པའི་བོད་ཀྱི་བན་བོན་ཆོས་ལུགས་གཉིས་ཀྱི་མཁས་གྲུབ་སྐྱེས་ཆེན་མང་པོའི་བཀའ་གཏེར་དག་སྣང་གི་ཆོས་སྒོ་བསམ་གྱིས་མི་ཁྱབ་པ་ལས། གླིང་རྗེ་མི་མཆོག་གེ་སར་སྐྱེས་བུ་ཆེན་པོ། བྱིན་རླབས་ཀྱི་རྩ་བ་བླ་མ་ལྟར་དུ་སྒྲུབ་ཐབས། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྟར་དུ་བསྙེན་ཚུལ། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་ལྟར་དུ་བསྟེན་ཐབས། མྱུར་མགྱོགས་ཀྱི་བདག་ཉིད་དགྲ་བླ་ཝེར་མ་ལྟར་དུ་མཆོད་ཐབས་ཀྱི་སྐོར་སོགས་གཙོ་བོ་བྱས་པའི་ཆོས་སྐོར་ང་ཚོའི་ལག་ཏུ་ཅི་སོན་ཕྱོགས་བསྡུས་བྱས་ཏེ། ༼ གླིང་རྗེ་གེ་སར་སྐྱེས་བུའི་མཆོད་སྒྲུབ་ཕྱོགས་བསྡུས་བྱིན་རླབས་གཏེར་མཛོད༽ཅེས་དེབ་ཕྲེང་གི་བདག་ཉིད་ཅན་འདིའི་དབུ་གྲུབ་པར་བྱས་ནས་རིམ་གྱིས་རྒྱུན་མཐུད་རྩིས་ཡིན། དང་པོ། དཔེ་ཚོགས་འདི་མེས་པོའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལ་ཐུགས་དགོངས་རབ་ཏུ་དཀར་ཞིང་། ཡུལ་མགོ་ལོག་ཕྱོགས་ཀྱི་གླིང་གེ་སར་རི་མོའི་སྒྱུ་རྩལ་བྲིས་ན་ཚར་རྒྱུ་མེད་པའི་མཚན་སྙན་ཅན་དགེ་བའི་བཤེས་གཉེན་དམ་པ་མཛོད་ཚ་ཨ་བུ་དཀར་ལོ་མཆོག་གིས། གླིང་གེ་སར་རིག་གནས་དང་འབྲེལ་བའི་ཤུལ་བཞག་རིག་ཚན་ཁྱད་པར་བ་འདི་གླིང་གེ་སར་རིག་པའི་ཉིང་བཅུད་དང་དཔྱད་གཞིའི་རྒྱུ་ཆ་ཕུན་སུམ་ཚོགས་པོར་སྲུང་སྐྱོབ་བྱེད་རྒྱུ་ནི། ཆེས་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་དགོངས་ཏེ། མགོ་ལོག་ཁུལ་གླིང་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་དབུ་ཁྲིད་སྐུ་ཞབས་ལྡོང་ནོར་སྡེ་ལགས་དང་། ཁུལ་གཙོ་སྐལ་བཟང་ཚེ་རིང་། ཁུལ་མི་དམངས་སྲིད་གཞུང་གི་དབུ་གཙོ་གཞོན་པ་བསོད་ནམས་སྐྱིད། ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་མགོ་ཁྲིད་སྐུ་ཞབས་ཚེ་རིང་། ཁོང་གིས་ཕྱག་ལས་གནང་ཡུལ་མགོ་ལོག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་གཙོ་སྨན་རམས་པ་ཚུལ་ཁྲིམས་དར་རྒྱས་སོགས་འབྲེལ་ཡོད་དབུ་ཁྲིད་རྣམ་པར། དཔེ་ཚོགས་འདི་གསར་བསྒྲིགས་བྱ་བའི་སྙན་ཞུ་དང་། བློ་འདྲི་གྲོས་ཕུལ་གྱི་བརྒྱུད་རིམ་འོག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སྨན་རྩིས་དགེ་རྒན་བ་རོད་ཐུབ་བསྟན་བསྟན་པའི་རྒྱལ་མཚན་སོགས་དགེ་སློབ་སྐོར་ཞིག་ལ་ཆེད་དུ་ལས་བཅོལ་གྱིས་རྩོམ་སྒྲིག་དཔག་བསམ་དགའ་ཚལ་ཁང་ནས་དབུ་བརྩམས་ཤིང་། ཁོང་གིས་དཔེ་ཚོགས་ལས་སྒྲུབ་བྱ་བའི་ཐོག་མཐའ་བར་གསུམ་དུ་ཆེས་གལ་ཆེ་བའི་རྩ་གནད་སྐོར་ཞིག་ཀྱང་གཏན་འབེབས་བྱས་རིམ་ནི།

༡ . ང་ཚོས་འདིར་མེས་པོའི་ཤུལ་བཞག་རིག་གནས་རྩ་ཆེན་གླིང་གེ་སར་སྒྲུབ་ཐབས་ལས་མཐའ་སྣ་ཚོགས་དང་། བསང་གསོལ་ཕྲིན་བཅོལ། བསྟོད་བསྐུལ་སོགས་མདོར་ན་ལོ་ངོ་སྟོང་གི་ནང་བོད་སྤྱི་ཚོགས་ཀྱི་དད་མོས་སེམས་ཁམས་ལ་རམ་འདེགས་ཀྱི་ཕན་ནུས་ཐུན་མོང་མ་ཡིན་པ་ཐོན་མྱོང་བའི་གེ་སར་རིག་པའི་བྱེད་ཐབས་ཀྱི་ཉིང་ཁུ། ཟབ་ཆོས་མཆོད་སྒྲུབ་ཕྱོགས་སྒྲིག་ཉར་ཚགས་ལ་ཞབས་ཞུ་བྱེད་རྒྱུའི་ཐད་ནས་ཐོག་མར་སེམས་བསྐྱེད་དང་ཀུན་སློང་རྣམ་དག་གིས་རྩིས་ཟིན་རྒྱུ་དང་། འགན་འཁྲི་དང་ལེན་ཐུབ་པའི་ཆོད་སེམས་བརྟན་པོ་དགོས་པ།

༢ . འདིར་བསྡུ་བྱའི་ཆོས་སྐོར་གྱི་མཛད་པ་པོ་རྣམ་པའི་ངོས་ནས་བན་བོན་ཆོས་ལུགས་གཉིས་ལ་ཕྱོགས་རིས་དང་། བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་ཕྱོགས་ལ་ཁྱད་པར། སྐྱ་སེར་ཕོ་མོའི་དབྱེ་འབྱེད་སོགས་རྩ་བ་ནས་མེད་པར་བསྡུ་རྒྱུ། ཆོས་ཚན་གྱི་ངོས་ནས་རབ་བྱུང་བཅུ་དྲུག་པའི་སྨད་ཡས་མས་ཡན་གྱི་གསུང་རྩོམ་དང་། གཙོ་ཆེར་ད་ལྟ་རྩོམ་པ་པོ་ཞལ་མི་བཞུགས་པའི་གསུང་རྩོམ་སྐོར་ཡིན་དགོས་པ།

༣ . གླིང་གེ་སར་དང་འབྲེལ་བའི་ཆོས་སྡེ་ཕྱོགས་སྒྲིག་གི་ལས་ཀ་ནི། སྤྱིར་བཏང་བའི་དཔེ་རྙིང་ཕྱོགས་སྒྲིག་གི་ལས་ཀ་གཞན་ལྟ་བུའི་ལས་སླ་བོ་ཞིག་ཡེ་ནས་མིན་པར། ཆོས་ཚན་འདི་རིགས་ནི་སྔ་རབས་ཀྱི་སྐྱེས་ཆེན་དག་གིས་དགོངས་བརྡ་སྙན་བརྒྱུད་དང་ཟབ་མོ་དག་སྣང་སོགས་ལས་ཕབ་པའི་བཀའ་གཏེར་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། མ་དང་མཁའ་འགྲོའི་ཞལ་གསུང་གི་དྲོད་རླངས་མ་ཡལ་བའི་རིགས་ཡིན་པས། རང་བཞིན་གྱི་དཔེ་རྙིང་ཆོས་སྡེ་གཞན་དང་བསྡུར་ན་བཀའ་ཤིན་ཏུ་གཉན་ཞིང་རིན་ཐང་གཞན་ལས་ཆེ་བ། སོ་སོའི་སྐྱེ་བོ་རང་ག་བའི་བསམ་སྤྱོད་ཀྱི་ཡུལ་ལས་འདས་པ་ཤ་སྟག་ཡིན་ཕྱིར། དཔེར་ན། རྒྱལ་བའི་ལུང་གིས་ཟིན་ཅིང་མ་མཁའ་འགྲོ་བཀའ་སྲུང་ཆོས་སྐྱོང་གིས་གནང་བ་ཐོབ་པར་མ་ཟད། སྔ་འགྱུར་གཏེར་ཆེན་བརྒྱ་རྩའི་ཆོས་སྡེ་རེ་རེ་བཞིན་ཉམས་ལེན་དང་། དུས་གྲངས་རྟགས་གསུམ་གྱི་ཚད་རྫོགས་པའི་ཁམས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལྟ་བུའི་བཀའ་བབ་ཀྱི་ཆོས་བདག་ཁྱད་འཕགས་རེ་རེ་མ་ཡིན་ཕྱིན། འདི་རིགས་ལ་ཤེས་རློམ་དང་སྒེར་གཅོད་ཀྱིས་བཟོ་བཅོས་སླད་འཇུག་རྩ་བ་ནས་གཏོང་མི་རུང་བར་མ་ཟད། ད་དུང་འདི་རིགས་ཀྱི་ལས་ཀ་གཉེར་མཁན་ཞིག་ཡིན་ཕྱིན་ཐ་ན་ཡང་གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོའི་སྲོག་དབང་བཀའ་གཏད་ཐོབ་ཅིང་། ཆོས་བཀའ་འདི་རིགས་ལ་དགའ་དད་གུས་གསུམ་གྱི་མོས་པ་ཆེ་བ་དང་། ལས་བརྩོན་དཔའ་སྤོབས་ཀྱི་ངར་ཤུགས་ལྡན་པ་རེ་ངེས་པར་ཡིན་དགོས། དེ་ནི་ཕྱོགས་གཅིག་ནས་བཤད་ན་བོད་ཀྱི་ཆོས་ལུགས་རིག་གནས་དོ་དམ་བྱེད་ཚུལ་གྱི་རྩ་བའི་གོམས་སྲོལ་ཚན་རིག་དང་མཐུན་པ་ཞིག་ཡིན་པར་མ་ཟད། ཕྱོགས་གཞན་ཞིག་ནས་བཤད་ན། སྔ་རབས་ཀྱི་རྩོམ་པ་པོ་དག་ལ་རང་རང་གི་ཐད་ནས་ཐུན་མོང་མ་ཡིན་པའི་ལུགས་སྲོལ་རེ་དང་དགོངས་བཞེད་རེ་ཡོད་སྲིད་པས། ང་ཚོ་ཕྱི་རབས་པས་མེས་པོ་གོང་མ་རྣམ་པའི་སྒེར་རྩོམ་གྱི་ཁེ་དབང་ལ་བརྩི་སྲུང་དང་གུས་འདུད་ཡོད་པའི་སྒོ་ནས་བསྡུ་ཉར་བྱེད་དགོས་པའི་འདུ་ཤེས་ཆགས་རྒྱུ་ནི་རྩ་གནད་གལ་ཆེན་ཡིན་པ་དང་། ལྷག་པར་དུ་དཔེ་ཚོགས་འདི་མེས་པོའི་ཕྱག་བཞེས་ལྟར་གླེགས་བམ་སྣ་འབྲིང་གི་ཚུལ་དུ་བསྒྲིགས་ཐུབ་སོང་ན་གནའ་དཔེའི་ཁྱད་ཆོས་ལྡན་ཞིང་། དགོས་པ་ཁྱད་པར་ཅན་ཡོད་ཚུལ་སོགས་ཀྱི་ཐུགས་རེ་ནན་མོ་ཡང་ཡང་བཏོན་པར་མ་ཟད། གླིང་གེ་སར་གྱི་དབང་ལུང་གི་མཛོད་ལ་མངའ་བརྙེས་པའི་རྫ་ཕུག་ཁང་མཁན་པོ་སྤོས་དར་མཆོག་ཆེད་དུ་གདན་ཞུས་ཏེ། སྨན་རྩིས་སློབ་གླིང་གི་དགེ་སློབ་སྤྱི་དང་། ལྷག་པར་དཔེ་ཚོགས་ལས་སྒྲུབ་མི་སྣ་ལ་ཆེད་དམིགས་ཀྱིས་གླིང་རྗེ་སྐྱེས་བུ་ཆེན་པོའི་སྲོག་གཏད་བཀའ་དབང་ཟབ་མོ་བསྐུར་དུ་བཅུག་པ་སོགས་ཇུས་གཞི་དང་གོ་རིམ་ཕུན་སུམ་ཚོགས་པའི་སྒོ་ནས། བོད་རབ་བྱུང༡༧པའི་ལྕགས་སྟག་ལོའི་བོད་ཀྱི་ཞོ་སྟོན་དུས་ཆེན་ཉིན་ནས་བཟུང་ལས་སྒྲུབ་པ་ཚོས་རང་རང་གི་ལས་ཞོར་དང་། སློབ་ཞོར་དུ་དཔེ་རྙིང་འཚོལ་སྡུད་དང་ཡིག་གཏགས་སོགས་དཔེ་སྒྲིག་ལས་གཞི་དངོས་སུ་མགོ་བརྩམས། དེང་ཐོག་རྒན་དམ་པ་མཛོད་ཚ་པས་གསུང་རྩོམ་སོ་སོའི་མཛད་མཁན་གྱི་སྐྱེས་ཆེན་རེ་རེ་དུས་རབས་ནམ་དང་ས་གནས་གང་ལ་འཁྲུངས་པའི་སྐོར་ལ་ཞིབ་འཇུག་གིས་ངོ་སྤྲོད་གནད་བསྡུས་དང་། དཔེ་ཚོགས་སྤྱི་ཁོག་གི་དཀར་ཆག་སྒྲིག་རིམ་གཏན་ཁེལ་གྱི་གཞི་བཟོ་བཞིན་པའི་སྐབས། ཆོས་ཟབ་ས་ན་ནག་པོ་བདུད་ཀྱང་ཟབ། ། ཅེས་ཟེར་བའི་དཔེ་ལྟར། རྒན་དམ་པ་ཁོང་ལ་སྐུ་སྙུན་བཟློག་ཐབས་མེད་པ་ཞིག་གློ་བུར་ཐོག་བབས་བྱུང་བའི་ཚུལ་གནང་སྟེ། སྐུ་སྨན་རིམ་གྲོ་གང་གིས་ཀྱང་མ་ཕན་པར་མི་རིགས་སློབ་གསོའི་ལས་དོན་རླབས་ཆེན་དུ་མ་དང་། ལྷག་པར་གླིང་གེ་སར་མཆོད་སྒྲུབ་ཆོས་ཚན་ཕྱོགས་སྒྲིག་གི་མཛད་ཆེན་ཐད་ཐུགས་བཀོད་དང་ཞལ་ཆེམས་བཅས་རེ་ཞིག་ཕྱག་ལས་ཀྱི་སྐྱོང་མཚམས་བཞག་སྟེ་གཟུགས་སྐུའི་བཀོད་པ་ནང་གསལ་གཞོན་ནུ་བུམ་སྐུའི་ཀློང་དུ་འདས་པའི་ཚུལ་གནང་ཤོར་བ་ནི། ང་ཚོའི་དཔེ་ཚོགས་བསྡུ་རུབ་ཀྱི་བྱ་བའི་ཆག་སྒོ་རྐྱང་བ་ཙམ་མ་ཡིན་པར། བོད་ཀྱི་བཅུ་ཕྲག་རིག་གནས་སྤྱིའི་ལས་དོན་ལ་གསབ་ཐབས་མེད་པའི་གྱོང་གུད་ཅིག་རེད་སོང་མོད་བྱ་ཐབས་བྲལ། སྐབས་དེར་ང་ཚོ་ལ་དཔེ་རྙིང་སྡུད་སྒྲིག་གི་བྱ་བར་ཉམས་མྱོང་མེད་པ་སོགས་ཕྱོགས་མང་པོ་ཞིག་ནས་གནོན་ཤུགས་རབ་དང་རིམ་པ་ཞིག་ཐོབ་ཡོད་པ་ནི་སྨོས་མ་དགོས་མོད། འོན་ཀྱང་ང་ཚོས་བཤེས་གཉེན་དམ་པ་གང་གི་ཐུགས་དགོངས་རྫོགས་པའི་ཆེད་དུ་ལས་གཞི་འདིའི་མཇུག་ལེགས་པར་བསྐྱང་རྒྱུའི་དམ་བཅའ་སྙིང་ལ་བྲིས་པ་དང་། ཁྱད་པར་དུ་ལྷག་བསམ་གྱིས་ཐུགས་རྒྱུད་གང་བའི་སྨན་རམས་པ་ཚུལ་ཁྲིམས་དར་རྒྱས་ལགས་ཀྱིས་ཐུགས་ཁུར་རྒྱ་ཆེན་པོས་ལས་ཀ་འདིའི་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བླ་མེད་མཛད་པ་དང་། དེ་བཞིན་དུ་ཁུལ་གཙོ་གཞོན་པ་བསོད་ནམས་སྐྱིད་དང་། མང་ཚོགས་སྒྱུ་རྩལ་ཁང་གི་དབུ་གཙོ་ཚེ་རིང་སོགས་གླིང་གེ་སར་བྱ་བའི་འབྲེལ་ཡོད་མགོ་ཁྲིད་རྣམ་པས་ཀྱང་ཐུགས་ཁུར་ཆེན་པོས་དཔེ་ཚོགས་པར་སྐྲུན་གྱི་མ་དངུལ་དང་། པར་སྐྲུན་བྱ་བའི་ལས་རིམ་ཐད་རྒྱབ་སྐྱོར་གཙོ་བདག་མཛད་པའི་མཐུན་རྐྱེན་རོགས་ལྡན་འོག་ནས། ང་ཚོས་རང་ནུས་ཡོད་དགུས་སྔར་མུས་བཞིན་ས་ཕྱོགས་སོ་སོ་ནས་དཔེ་རྙིང་འཚོལ་སྡུད་བྱས་པ་དང་བསྟུན། གླིང་གེ་སར་གྱི་མཛད་པ་རྣམ་ཐར་ལ་ཐུགས་བློ་དཀར་བའི་རྫ་ཕུག་ཁང་མཁན་པོ་སྤོས་དར་ལགས་དང་། བོད་ལྗོངས་ཀྱི་རྒན་ཀརྨ་བདེ་ལེགས། སྡེ་དགེའི་མཁན་པོ་རབ་བརྟན་དགེ་ལེགས་ཕུན་ཚོགས། ཁྲོཾ་ཐལ་མཁན་པོ་འཇམ་དབྱངས་ཡོན་ཏན་རྒྱ་མཚོ། ཡུལ་ཤུལ་ཟུར་མང་ཀརྨ་ལྷ་དབང་སོགས་བོད་མདོ་དབུས་ཁམས་གསུམ་གྱི་མི་སྣ་ལྷག་བསམ་ཅན་སྐོར་ཞིག་གིས་ཀྱང་དཔེ་རྙིང་མཁོ་སྤྲོད་ཀྱི་རམ་འདེགས་ལ་བརྟེན། གླིང་གེ་སར་རྒྱལ་པོར་གསོལ་བ་འདེབས་པའི་སྐོར་དང་། སྒྲུབ་ཐབས་ལས་མཐའ་སྣ་ཚོགས། བསྟོད་བསྐུལ་སྣ་ཚོགས། གཞན་བོད་དམངས་ཁྲོད་དུ་འདོན་སྒྲོག་དང་ཁྱིམ་རྟེན་བྱས་ན་སྐུ་རིམ་གྱི་ཆོད་ཆེན་པོ་ལྡན་པར་བརྩི་བའི་སྒྲུང་སྐོར་བྱིན་ལྡན། རྫོགས་ཆེན་པདྨ་རིག་འཛིན་གྱིས་ཕབ་པའི་སྟག་གཟིག་ནོར་འགྱེད་དང་། རྫོགས་ཆེན་རྒྱལ་བླའི་མདའ་སྒྲུང་། གཞན་གླིང་ཚང་རྒྱལ་ཁྱིམ་ནས་ཐོན་པའི་དཔེ་རྙིང་གླིང་གེ་སར་ལ་བརྟེན་པའི་མོ་ཡིག་སོགས་མདོར་ན་སྔོན་གཤེགས་སྐྱེས་ཆེན་བརྒྱ་དང་ཉི་ཤུ་ལ་ཉེ་བའི་གསུང་རྩོམ། གླིང་གེ་སར་རིག་གནས་ཀྱི་དཀོར་མཛོད་ཆེན་པོར་སྔར་མེད་པའི་དཔྱད་གཞིའི་རིན་ཐང་གིས་ཕྱུག་པའི་དཔེ་ཚོགས་གཏེར་ཆེན་བུམ་བཟང་ལྟ་བུ་འདིའི་མ་གཞི་གྲུབ་ཐུབ་པ་ཡིན།

གཉིས་པ། དཔེ་ཚོགས་འདི་གཉེར་དུས་ཀྱི་དམིགས་འདུན་དང་། ཕྱོགས་བསྒྲིགས་ལག་བསྟར་བྱས་རིམ་ནི། འདི་ནས་ཡར་བརྩིས་པའི་ལོ་ངོ་བརྒྱད་བརྒྱ་ལ་ཉེ་བའི་དུས་ནས་བོད་དམངས་ཁྲོད་དུ་གླིང་རྗེ་གེ་སར་རྒྱལ་པོ་ལྷ་བླ་མ་ཡི་དམ་ཀུན་འདུས་སུ་མཐོང་བའི་དད་མོས་སེམས་ཁམས་བསྒྱུར་དུ་མེད་པ་ཞིག་ཆགས་པའི་བདེན་རྟགས་སུ་གྲུབ་པའི་མཆོད་སྒྲུབ་ལས་མཐའི་སྐོར་འདི་རིགས། གེ་སར་རིག་གནས་ཀྱི་ཉིང་བཅུད་དུ་སྲུང་སྐྱོབ་དང་། དཔྱད་གཞིའི་རྒྱུ་ཆར་སྟབས་བདེ་ཡོང་ཆེད་ཉར་ཚགས་དོ་དམ་བྱེད་རྒྱུའི་དམིགས་ཡུལ་ཡིན་པ་ལས། དག་སྒྲིག་གི་མིང་འོག་ནས་འཕྲི་སྣོན་བཅད་གཏུབ་ཀྱི་བྱས་ཉེས་ཤོར་མི་རུང་བ་ནི་རྩ་བའི་གནད་འགག་ཏུ་བཟུང་དགོས་པ་ནི། འདིར་བསྡུས་པའི་གསུང་སྐོར་བྱིན་ལྡན་རྣམས་ནི་དུས་རབས་བརྒྱད་ལྷག་གི་གོང་དུ་བྱོན་པའི་བོད་ཀྱི་སྐྱེས་ཆེན་གྲུབ་བརྙེས་བདེན་པར་སྨྲ་བ་ཁོ་ནས་བཀའ་གཏེར་དག་སྣང་ལས་འཁྲུངས་པའི་ཟབ་ཆོས་བྱིན་ལྡན་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཁོ་ན་ཡིན་ཕྱིར། མི་རིགས་ཀྱི་ཆོས་ལུགས་དད་མོས་སེམས་ཁམས་ཀྱི་རྩིས་ཐང་དང་། རིག་གནས་བདག་དབང་གི་ངོས་ནས་བཤད་ན། འདི་རིགས་ལ་བླ་མ་ལྷག་པའི་ལྷའི་བཀའ་དབང་དང་ལྟ་དགོངས་ཟབ་མོའི་བདེན་དཔང་མེད་པར་སོ་སོའི་སྐྱེ་བོས་ཚིག་བསླད་དང་འཕྲི་སྣོན་བྱས་ན། བསམ་མི་ཁྱབ་པའི་བྱིན་རླབས་ཀྱི་ཚན་ཁ་རལ་འགྲོ་བའི་མི་ཚད་བཀའ་རྐུན་ལྷད་བཅུག་གི་ནག་ཉེས་སུ་འགྱུར་འགྲོ་བ་ནི་དམ་པ་གོང་མའི་ཞལ་རྒྱུན་ཡོད་པ་དང་། གསུང་ཆོས་རང་རང་གི་མཛད་བྱང་ལས་ཀྱང་ཕལ་ཆེར་ཧ་གོ་ཐུབ་པས་གཟབ་དགོས་པ་ཡིན། གལ་སྲིད་དཔེ་རྙིང་སོ་སོའི་ནང་གི་ཐ་སྙད་མི་འདྲ་བ་རྣམས་གཅིག་གྱུར་དང་ཡི་གེའི་དག་ཐོབ་ཉམས་རིགས་ལེགས་བཅོས་མ་ཐུབ་ན། དཔེ་ཚོགས་ཕྱོགས་བསྒྲིགས་ཀྱི་སྣང་བརྙན་ལ་མི་མཛེས་ཤིང་། ལྷག་པར་སྒྲུབ་ཐབས་ཡིན་པའི་ངོས་ནས་བྱིན་ནུས་ཀྱང་ཡོད་སྲིད་དམ་སྙམ་ན། འདིའི་སྐབས་དངོས་པོའི་སྣང་ཚུལ་དང་བསམ་མི་ཁྱབ་པའི་གནས་ཚུལ་གཉིས་སོ་སོ་ཡིན་པས། གསང་བ་ལྷ་སྒྲུབ་ཀྱི་སྐོར་འདི་རིགས་ནི་ཐུན་མོང་དང་ཐུན་མིན་གཉིས་ལས་ཐུན་མིན་གྱི་ཕྱོགས་སུ་གཏོགས་ཕྱིར། གསུང་པ་པོ་རྟོགས་པ་མཆོག་ལྡན་དག་གིས་ཚིག་གི་སྤུ་རིས་དང་ཡི་གེ་བཏགས་པ་བའི་ཐ་སྙད་བཟོ་སྟངས་སོགས་ལ་མ་བལྟོས་པར་བྱིན་རླབས་ཀྱི་བཀའ་རྒྱས་བཏབ་ཡོད་པ་ཡིན་པས་རང་གར་བཟོ་བཅོས་བྱས་པ་ལས་མ་བཅོས་ན་ལེགས་པའི་དམིགས་བསལ་ཡང་ཡོད་པ། དཔེར་ན་བོད་ཀྱི་ངག་རྒྱུན་ལོ་རྒྱུས་སོགས་ན་འཇམ་མགོན་ས་སྐྱ་པཎ་ཆེན་གྱིས་གྲུབ་ཆེན་འདར་འཕྱར་བས་ཕུར་བསྙེན་གསུངས་པ་མ་དག་པར་གཟིགས་ནས་བཅོས་པས་གྲུབ་ཆེན་གྱིས་གྲུབ་རྟགས་མ་ཐོན་པ་ན། སླར་སྔོན་གྱི་མ་དག་པ་ལྟར་བྱས་ནས་བཟློ་སྐབས་ཕུར་བ་ལས་མེ་སྟག་འཕྱུར་ཏེ་གྲུབ་རྟགས་སྔར་ལྟར་བྱུང་ཚུལ་དང་། དེ་བཞིན་དུ་སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མངའ་རིས་སུ་བཞུགས་སྐབས་མགུལ་ལ་རྣག་བཅས་ཏེ་སྙུན་གཞི་ཚབས་ཆེན་བྱུང་བས། བོད་ཀྱི་བན་སྔགས་སྐོར་ཞིག་གདན་ཞུས་ཏེ་རྣམ་འཇོམས་ཀྱི་སྒོ་ནས་བྱབས་ཁྲུས་མཛད་དུ་བཅུག་སྐབས། བོད་པ་ཚོས་ལེགས་སྦྱར་གྱི་སྒྲ་གདངས་གཞི་ནས་མ་ཐོན་ཕྱིར་རྣམ་འཇོམས་གཟུངས་སྔགས་ཀྱི་ནང་དོན། མགོ་ཆོད་སྐེ་ཆོད་ལྟ་བུ་ཕྱིན་ཅི་ལོག་ཁོ་ནར་ཀློག་གིན་འདུག་པ་གསན་པས། ཇོ་བོས་ཐུགས་ཁྲེལ་བའི་རྟགས་སུ་བཞད་མོ་ཞིག་མཛད་པའི་དབུགས་ཤུགས་ལ་རྐྱེན་བྱས་མགུལ་གྱི་རྣག་ཐུམ་དྲལ་ནས་སྙུན་དྲག་བྱུང་ཚེ། ཁོང་གིས་གཟོད་ནང་གི་དེ་ཉིད་ཟབ་མོས་རྒྱས་ཐེབ་མིན་ཁོ་ནར་རག་ལས་པ་མ་གཏོགས། ཕྱིའི་སྒྲ་གཟུགས་དང་རྣམ་འགྱུར་ཙམ་ལ་བལྟོས་པ་མེད་པ་ནི་གསང་བ་བསམ་མི་ཁྱབ་པའི་ནུས་པ་ཡིན་འདུག་ཚུལ་གསུངས་མྱོང་བའི་ཞལ་རྒྱུན་ཡོད་པ་ལྟ་བུ་གསང་སྔགས་ཟབ་མོའི་སྐོར་གྱི་གནས་ཚུལ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དག་གིས་ཀྱང་ཚོད་འཛིན་མི་ཐུབ་པའི་ཚུལ་གནང་འདུག་ན། སྙིགས་མའི་དུས་ཀྱི་སོ་སོའི་སྐྱེ་བོ་འཆང་བ་ཀུན་ལྡན་ལམ་ཟབ་མོའི་གནད་ལ་སྐྱེས་སྦྱང་དམན་པ་དག་གིས་སྤྱིའི་བུམ་བཟང་ལ། སྒེར་གྱི་འབག་བཙོག་བཟོ་མི་རུང་བའི་དྲན་ཤེས་ཀྱི་འོག་ནས། ང་ཚོས་དཔེ་ཚོགས་འདིའི་སྤྱིའི་ངོས་ནས་ཡི་གེ་ནོར་བ་ཡིན་ངེས་ཀྱི་ཕྲད་རྣམ་དབྱེ་དུས་གསུམ་སྐུལ་ཚིག་གི་སྐོར་འགལ་བ་མེད་ངེས་ཅན་རེ་ཟུང་ཙམ་མ་གཏོགས། གསུང་མཁན་བླ་མ་རྣམས་དུས་རབས་མི་གཅིག་པས་བརྡ་གསར་རྙིང་བར་གྱི་འགྱུར་བ་དང་། བོད་ཡུལ་སྟོད་སྨད་བར་གྱི་ས་ཆ་ཡུལ་ལུང་མི་འདྲ་བའི་བརྡ་ཆད་དང་བདག་སྒྲ་སོགས་ཡི་གེ་བཀོལ་སྟངས་ཡེ་ནས་མི་འདྲ་བ། ཡང་ཆོས་བདག་ཡི་གེ་བ་རྣམས་ཀྱིས་གང་བྱུང་བྱུང་དུ་བྲིས་པ་སོགས་ཀྱི་དབང་གིས་དེང་དུས་གཅིག་གྱུར་གྱི་མིང་ཚིག་བཀོལ་སྟངས་དང་མི་འདྲ་བའི་མིང་བརྡ་ཧ་ཅང་མང་བ། དཔེར་ན། གླིང་རྗེ་ལ་སྐུ་མ་སེང་དང་། མ་སངས། མ་སང་། མ་སིང་ལྟ་བུ་མི་འདྲ་བ་དང་། གླིང་གི་དཔའ་བརྟུལ་ལྟ་བུ་ལ་མཚོན་ན། དཔའ་ཐུལ་དང་། དཔའ་ཐིས། དཔའ་ཐིལ། དཔའ་བཏུར། དཔའ་ཐེས། དཔའ་རྟུལ། དཔའ་བདུད། དཔའ་ཐུས། དཔའ་གཏུལ། དཔའ་ཐུར། དཔའ་བཏུལ་ལྟ་བུ་འབྲི་སྟངས་མི་འདྲ་བ་མང་དུ་སྣང་བ། དེ་བཞིན་དུ་རྟ་མཆོག་རྐྱང་རྒོད་ལ་ཡང་། རྐྱང་རྒོད་གཡེལ་བ་དང་། གཡེལ་བོ། འཕེལ་བོ། འཕེལ་པོ། འཕེལ་དཀར། ཕེར་པོ། འཕེར་བོ། གཡེལ་པོ། འཕེལ་བ་དང་། དེ་བཞིན་དུ་མ་ཌཱ་ཀི་ལ། ཌཱཀྐི། དཱ་ཀི དྷཱ་ཀི་ལྟ་བུ། ཡང་ཧོར་ཤན་པ་ལྟ་བུའི་མཚན་ལ། ཤན་པ་རྨེ་རུ་དང་། མེ་རུ། དམེ་རུ། མེ་རི་ལྟ་བུ་དང་། རོང་བློན་ག་དར་ཕྱིང་སྔོན་ལ། བྱང་སྔོན། སྤྱང་སྔོན། བདུད་རུ་ཏྲ་ལ་ཡང་། རུ་ཊ། རཱུ་ཏྲ་ལྟ་བུ་དང་། དགྲ་བླ་ལ་དགྲ་ལྷ་ལྟ་བུ་སོགས་མིང་ཚིག་རེ་རེ་ལ་འབྲི་སྟངས་མི་འདྲ་བ་སྣ་ཁ་འདྲ་མིན་ཤིན་ཏུ་མང་པོ་འདུག །འདིར་ང་ཚོས་གོང་དུ་བཤད་པ་ལྟར་གསུང་མཁན་རང་རང་གི་བཞེད་ལུགས་ལ་བརྩི་འཇོག་དང་། རྡོ་རྗེའི་བཀའ་གསུང་གི་ཡིག་འབྲུ་རེ་རེ་ལ་གསང་བ་བསམ་མི་ཁྱབ་པའི་བྱིན་རླབས་ཁྱད་པར་བའི་ནུས་པ་རེ་ཡོད་སྙམ་པའི་དག་དྲན། དུས་རབས་བཅུ་གཅིག་པའི་ནང་ཚུན་ལ་བོད་ཀྱི་ས་གནས་སོ་སོར་གླིང་གེ་སར་རིག་པའི་མིང་བརྡ་ཐ་སྙད་ཀྱི་རྐང་ཇི་ལྟར་ཚུགས་མིན་དང་། འགྱུར་བ་ག་འདྲ་འདུག་པའི་དཔྱད་གཞིའི་རིན་ཐང་སོགས་ལ་བསམས་ཏེ། གསུང་ཆོས་སྤྱིའི་ཆ་ནས་རང་རང་གི་མ་དཔེ་དང་བསྡུར་ཅི་ཐུབ་གང་ཐུབ་ཀྱིས་མིང་ཚིག་ཕལ་ཆེ་བ་རང་སོར་བཞག་ཡོད། གཞན་རིག་གསར་གོད་ཆག་སོགས་ཀྱི་གནས་བབ་འོག་ནས་ས་ཞབས་དང་ཆུ་ཆར་གྱིས་སྐྱོན་ཤོར་བའི་སྐོར། དཔེར་ན་གཡག་ཟེ་གཏེར་རྒན་ཐེག་མཆོག་གླིང་བའི་གསུང་ལྟ་བུའི་དཔེ་རྙིང་མ་དཔེ་གཅིག་མ་གཏོགས་གཏན་ནས་རྙེད་ཐབས་མ་བྱུང་བ་དག་གི་ནང་དུ། མ་དཔེ་ཁ་མི་ཚང་ས་དང་། ཚིག་རྐང་མི་གསལ་ས། དོགས་པ་ཅན་གྱི་རིགས་ལ་འོལ་ཚོད་ཀྱིས་ཐག་ཆོད་མ་བྱས་པར་ཆད་སྐྱོན་དང་མི་གསལ་བ། ཡང་ན་ཡི་གེ་གསལ་བོ་ཡིན་ཡང་ཡིག་ནོར་སོགས་ཀྱིས་ནང་དོན་བསྒྲིབས་ཏེ། འབྲེལ་མི་ཆགས་པའམ་གོ་བ་ལོན་དཀའ་བའི་རིགས་རྣམས་རེ་རེ་བཞིན་རྟགས༼ ༽འདིའི་ནང་དུ་བླངས་ནས་དཔྱད་གཞིར་བཀོད་ཡོད་པ་དང་། ཡང་འགའ་ཞིག་ལ་ཟུར་དུ་ཡོ་བཅོས་དང་གསལ་བཤད་ཀྱི་མཆན་བཏབ་ཁུལ་ཡང་བྱས་ཡོད། དེ་བཞིན་དུ་བོན་གཏེར་སྟོན་ཧཱུཾ་ཆེན་འགྲོ་འདུལ་བའི་གསུང་སྐོར་ལྟ་བུ་ལ་མཚོན་ན་ཆ་རྒྱུས་མེད་པའི་ཐ་སྙད་ཀྱི་སྒྲོམ་ཧ་ཅང་ཆེ་ཕྱིར། ནོར་འཁྲུལ་མི་འབྱུང་བའི་ཆེད་མ་དཔེ་འདྲ་པར་ལ་བཏབ་ནས་ཇི་མ་ཇི་བཞིན་དུ་བཀོད་ཡོད་པ་ལྟ་བུ་ཡིན། ད་དུང་གཞན་ཞིག་ནི་གཏེར་ཚེག་རིགས་གཉིས་ཏེ། དཔེར་ན་༔འདི་དངཿའདི་གཉིས་རིམ་བཞིན་གཏེར་ཆེན་དང་གཏེར་ཕྲན་གྱི་ཁྱད་པར་ཞེས་གཏེར་སྟོན་ཆོས་བདག་རྣམས་ཀྱི་ཞལ་སྒྲོས་སུ་འདུག་པས་དེ་ལྟར་རང་སོར་བཞག་པ་ལས་གཅིག་གྱུར་བྱས་མེད། གསུམ་པ། དཀར་ཆག་གི་གོ་རིམ་སྒྲིག་སྟངས་ནི། སྤྱིར་བོད་ཀྱི་བན་བོན་ཆོས་ལུགས་གཉིས་པོ་སོ་སོར་ཁག་གཉིས་སུ་བསྒྲིགས་ཡོད་པ་དང་། བྱེ་བྲག་ཏུ་ཁག་དང་པོ་ལ་མཚོན་ན་ཆོས་ལུགས་རང་ཁོངས་ཀྱི་གྲུབ་མཐའ་རྣམས་སོ་སོར་བཀར་ཏེ། དཔེར་ན། དཔེ་ཚོགས་འདིའི་ནང་འཁོད་གླིང་རྗེ་གེ་སར་ལ་མཆོད་སྒྲུབ་གསུང་མཁན་སྤྱིའི་ནང་ནས་ད་ཐེངས་འདིར་ལག་སོན་བྱུང་བ་ཆེས་སྔ་ཤོས་ནི་བོད་རབ་བྱུང་གསུམ་པའི་ཤིང་བྱི༡༢༠༤ལོར་འཁྲུངས་པའི་ཀརྨ་པཀྵི་མཆོག་གཙོ་བོ་བྱས་ཏེ་བཀའ་བརྒྱུད་པའི་བླ་མ་ཡོངས་རྫོགས་ཕྱོགས་གཅིག་ཏུ་རང་རང་གི་འཁྲུངས་ལོའི་སྔ་ཕྱི་ལྟར་བསྒྲིགས་ཡོད་པ་དང་། རིམ་བཞིན་སྔ་འགྱུར་རྙིང་མ་པ། རི་བོ་དགེ་ལྡན་པ། དཔལ་ལྡན་ས་སྐྱ་པ། རྒྱལ་བ་ཇོ་ནང་པ་རྣམས་རང་རང་གི་གྲུབ་མཐའི་ཁྲོད་ནས་འཁྲུངས་ལོ་ཆེས་སྔ་ཤོས་རེའི་འཕྲོས་སུ་དུས་ཀྱི་རིམ་པ་ལྟར་བསྒྲིགས་ཡོད་ལ། དེབ་རེ་རེའི་དཀར་ཆག་གི་ཟུར་དུ་གསུང་མཁན་རང་རང་གི་འཁྲུངས་ལོ་ངོ་སྤྲོད་མཚོན་ཙམ་རེ་དཔྱད་གཞིར་བཀོད་ཡོད་ལ། རྒན་མཛོད་ཚ་པ་ལགས་ཀྱི་ཐུགས་བཞེད་བཞིན་ཕྱི་རབས་ལོ་རྒྱུས་པ་དག་གིས་ལོ་ཚིགས་ནོར་འབྱམས་སུ་མི་གཏོང་བར་དཔྱད་བསྡུར་ནན་མོ་གཏོང་ཆེད། གསུང་མཁན་རང་རང་གི་འདས་ལོའི་ལོ་ཁམས་ཆེད་དུ་མི་གསལ་བར་བྱས་ཡོད་པ་ནི་དམིགས་བསལ་ཡིན། དེ་ལས་ཀྱང་འདིར་ཆེད་དུ་ཞུ་དགོས་པ་ཞིག་ནི་དཔེ་ཚོགས་འདིའི་མ་ཕྱི་སྐོར་ཞིག་ཧ་ཅང་རྙིང་རུལ་ཡིན་པ་དང་། ཕལ་ཆེ་བ་ཡིག་གཟུགས་ཞན་ཞིང་དག་ཐོབ་མེད་པའི་དབུ་མེད་ལག་བྲིས་རབ་རིབ་ཀྱི་རྣམ་པ་ཅན་ཁོ་ན་ཡིན་པ། ཡུལ་ལུང་མི་འདྲ་བ་དུ་མའི་སྐད་ཀྱིས་བསླད་པ་མང་ཕྱིར། དཔེ་བསྡུར་གྱིས་མ་འདང་ས་དང་། ཚིག་ཕྲད་བྱ་ཚིག་སོགས་ཞུ་དག་ཚུལ་བཞིན་དུ་མ་འཁྱོངས་པ། གཏེར་སྟོན་སོ་སོའི་རང་ལུགས་ཀྱི་དབུ་ཁྱུད་དང་མཁའ་འགྲོའི་བརྡ་ཡིག་སོགས་རང་སོར་མ་ཞོག་པ་དང་ཆད་ལྷག་ཤོར་བ། དཔེ་ཚོགས་ཀྱི་སྒྲིག་སྟངས་དང་དཀར་ཆག་འགོད་སྟངས་སྐོར་ནས་ལེགས་པོ་མ་ཐོན་ས། རྩོམ་མཁན་སོ་སོའི་འཁྲུངས་ལོའི་ལོ་ཚིགས་ཐད་ནོར་འཁྲུལ་ཤོར་ཡོད་པ་སོགས་ཕྱོགས་ཡོངས་ཀྱི་ཆ་ནས་འགལ་འཛོལ་མི་ཉུང་བ་ཤོར་ཡོད་སྲིད་པ་དང་། སྤུས་ཚད་ཀྱི་མ་འདང་ས་མང་བ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས། འདིར་དབྱིངས་བཞུགས་རྩ་གསུམ་དགྲ་བླ་ཝེར་མའི་ཚོགས་དང་། རྒྱ་ཆེའི་དོན་གཉེར་གཟིགས་མཁན་རྣམ་པར་སྙིང་ནས་བཟོད་གསོལ་ཞུ་བ་དང་ཆབས་ཅིག །རྣམ་པ་ཚོས་དཔྱད་གཞིའི་དེབ་ཕྲེང་འདི་དག་དམིགས་སུ་བཟུང་ནས་ཡོ་བཅོས་དང་དགོངས་འཆར་གནང་རོགས་ཞུ་ཞེས་ཟོལ་ཟོག་མེད་པར་གསོལ་བ་བཏབ་པ་ཡིན་ནོ། ། ཞེས་གླིང་རྗེ་གེ་སར་དང་འབྲེལ་བའི་ཟབ་གཏེར་ཆོས་སྡེ་སྡུད་སྒྲིག་ལ་རྟེན་འབྲེལ་གྱི་སྒོ་མི་དམན་པར་རློམ་པའི་རང་སྣང་ཅན་སྨིན་དབུས་ཨ་དཀར་པོས་རབ་བྱུང༡༧པའི་ཤིང་རྟ་ལོའི་རྒྱལ་ཟླ་བའི་ཚེས༡༥སྟེ་གླིང་རྗེ་གེ་སར་འཁྲུངས་སྐར་ཉིན་བྲིས།

 

 


ཀློག་གྲངས།:[2841]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com