སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

སྒྲུང་རྙིང་ཕྱོགས་བསྒྲིགས་ལེགས་གྲུབ་བྱུང་བ།

སྒྲུང་རྙིང་ཕྱོགས་བསྡུས་གསལ་བཤད།

 

གླིང་སྒྲུང་རྙིང་བའི་པོད་ཕྲེང་ཁག་དང་པོའི་གསལ་བསྒྲགས།


འདིར་ཡུལ་ཤུལ་རྣམ་གྲགས་ལགས་ཀྱིས་རྒྱལ་ཕྱི་ནང་ནས་བཏུས་པའི་སྒྲུང་དཔེ་ཉི་ཤུ་རྩ་བདུན་གྱི་ཁར། ཕྲན་གྱིས་བོད་ལྗོངས་དཔལ་བརྩེགས་དཔེ་རྙིང་ཚང་གིས་རྒྱབ་སྐྱོར་འོག་བསྡུས་པའི་དཔེ་སྒྲོམ་ཨ་དཀར་འཕྲུལ་མཛོད་ལས། སྒྲུང་རྙིང་འགྲེམ་སྤེལ་གྱི་ཁེ་དབང་སྒེར་ལ་ཡོད་རིགས་ཀྱི་སྒྲུང་སྣ་བཞི་བཅུ་ལ་ཉེ་བ་ཞིག་བསྣན་ཏེ། ཁྱོན་སྒྲུང་སྣ་དྲུག་ཅུ་རེ་བདུན་ཙམ། མ་འོངས་པར་གླིང་གེ་སར་སྒྲུང་གི་དར་གནས་འཇིག་གསུམ་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆར་དམིགས་ནས་པོད་གྲངས་ལྔ་བཅུ་ལྔ་བདུན་དུ་བསྒྲིགས་པ་དེ། སྐུ་ཞབས་རྣམ་གྲགས་ཀྱི་དགོས་མཁོར་དམིགས་ནས་སི་ཁྲོན་བོད་ཡིག་དཔེ་རྙིང་ཁང་གིས་པར་བསྐྲུན་བྱས་པ་ལེགས་གྲུབ་བྱུང་འདུག་པས་དགའ།


ད་དུང་རང་གིས་བསྡུས་ཟིན་པའི་སྒྲུང་རྙིང་ལག་བྲིས་མའི་པོད་ཕྲེང་ཁག་གཉིས་པ་ཡང་བསྒྲིགས་རྩིས་ཡིན་ལ། ཡར་སྔོན་ལག་སོན་མ་བྱུང་བའི་སྒྲུང་རྙིང་ལག་བྲིས་དང་ཤིང་པར་གྱི་རིགས་བསྡུ་རུབ་ལ་ཡང་འབད་ཀྱིན་ཡོད་པས། རྒྱལ་ཕྱི་ནང་གི་གྲོགས་པོ་རྣམ་པས་ཕྲན་ལ་སྒྲུང་དཔེ་རྙིང་བཞུགས་ཀྱི་ཁུངས་ལུང་གཡར་སྤྲོད་ཀྱི་ཁ་འཛིན་རྒྱབ་སྐྱོར་ཡོད་པར་མཁྱེན། ཕྲན་ལ་མཁོ་རིགས་ཀྱི་སྒྲུང་དཔེ་ནི། ཉེ་བའི་དུས་ཀྱི་སྒྲུང་དཔེ་དག་མ་ཡིན་པར་དུས་རབས་ཉི་ཤུ་བའི་དཀྱིལ་ཡན་གྱི་སྒྲུང་དཔེ་ཡིན་དགོས་པ་དང་། དཔེ་གཟུགས་ལ་སྣ་རིང་ཐུང་དང་མགོ་བཙེམ་སོགས་ཁྱད་པར་མེད་ལ། ཁ་འཐོར་དང་ཆད་ལྷག་ཅན་གང་ཡིན་ཡང་དགོས། བཤེར་འབེབས་དང་འདྲ་པར་བཏབ་པ་གང་ཡིན་ཡང་རུང་། མཁོ་སྤྲོད་མཛད་མཁན་དང་ཉར་ཚགས་གནང་མཁན་གྱི་མཚན་ཐོ་ས་གནས་སོགས་ཉུང་བསྡུས་བཅས་བཀའ་དྲིན་ཆེ།

འབྲེལ་གཏུགས་ཁ་པར། ༡༥༨༠༧༧༢༥༦༡༧ སྨིན་དབུས་ཨ་དཀར་པོ།


དམིགས་བསལ་གྱིས་ཞུ་རྒྱུ་ཞིག་ལ། ད་ཐེངས་ཀྱི་སྒྲུང་རྙིང་པོད་ཕྲེང་འདི། ཡུལ་ཤུལ་རྣམ་གྲགས་ལགས་ལ་དགོས་མཁོ་བྱུང་བ་ལྟར་སི་ཁྲོན་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྐྲུན་པ་ཡིན་པས་པོད་ཕྲེང་འདི་བླུ་བ་དང་བསྐྱར་པར་སོགས་འདོད་མཁན་རྣམ་པས་དཔེ་རྙིང་ཁང་ལ་འབྲེལ་གཏུགས་ཞུ། དཔེ་རྙིང་ཁང་གི་འགན་འཛིན་ཁྲོཾ་ཐར་མཁན་འཇམ་བློ་དང་། ཁྲོཾ་པད་རྡོ། ཁ་པར། ༡༨༦༠༢༨༤༩༥༧༩ དང་། ༡༣༠༩༦༣༣༣༣༡༦ རེད། ཁོ་བོས་བསྒྲིགས་པའི་སྒྲུང་རྙིང་པོད་ཕྲེང་འདི་དག་ནི་དཔྱད་གཞི་ཁོ་ནར་དམིགས་ཕྱིར་དཔེ་རྙིང་དག་ལག་སོན་དག་ཐད་ཀར་བསྐྱར་པར་བྱས་པ་དང་། བཤེར་འབེབས་བྱས་པ། འདྲ་པར་དུ་བཏབ་པ་རྣམས་ཇི་བཞིན་པར་བ་མ་གཏོགས་ཁ་གསབ་གོང་བསྒྲིགས་བཟོ་བཅོས་སོགས་ཅི་ཡང་བྱས་མེད་སྟབས། དུས་རབས་ཀྱི་འཕོ་འགྱུར་ཁྲོད་ནས་ཁ་འཐོར་དུ་གྱུར་བ་དང་། རྙིང་རུལ་དུ་ཤོར་བའི་དབང་གིས་གསལ་བོ་མིན་པའི་སྐྱོན་དང་། ཡིག་མཁན་གྱི་དབང་གིས་ཡི་གེའི་ནོར་སོ་སོགས་ལ་ཁ་ཡ་ཅི་ཡང་བྱས་མེད་པ་ཐུགས་འཇགས་འཚལ།


 

གཤམ་དུ་པོད་ཕྲེང་དང་པོའི་དཀར་ཆག །

གླིང་གེ་སར་གྱི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ་།

སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་།

༡ ལྷ་གླིང་། འཁྲུངས་གླིང་ཁ་འཐོར།

༢ འཁྲུངས་གླིང་མེ་ཏོག་ར་བ། འཁྲུངས་གླིང་ནོར་བུའི་དགའ་ཚལ།

༣ འདན་མའི་ནས་རྫོང་།

༤ འཁྲུངས་གླིང་སྨད་ཆ་རྟ་རྒྱུག།

༥ རྟ་རྒྱུག་ནོར་བུ་ཆ་བདུན།

༦ རྟ་རྒྱུག་ཁ་འཐོར་སྟོད་སྨད་གཉིས།

༧ རྟ་རྒྱུག་དཔའ་བོའི་དགའ་སྟོན།

༨ རྨ་ཤེལ་བྲག །

༩ ཧོར་གླིང་དགའ་སྟོན་ངོ་མཚར།

༡༠ ཧོར་གླིང་ངོ་མཚར་གཏམ་གྱི་ཕྲེང་བ། སྟོད་ཆ།

༡༡ ཧོར་གླིང་ངོ་མཚར་གཏམ་གྱི་ཕྲེང་བ། སྨད་ཆ།

༡༢ ཧོར་འདུལ་གཡུལ་ལས་རྣམ་རྒྱལ།

༡༣ ཧོར་གུར་དཀར་བཏུལ་བའི་ལེའུ།

༡༤ ཧོར་འདུལ་འཛམ་གླིང་དགའ་སྟོན།

༡༥ ཧོར་གུར་དམར་བཏུལ་ཚུལ། ཤན་འདན་ནང་འཁྲུགས།

༡༦ བྱང་བདུད་དང་ཧོར་བཏུལ་བ།

༡༧ འཇང་གླིང་གཡུལ་འགྱེད་སྟོད་ཆ།

༡༨ འཇང་གླིང་གཡུལ་འགྱེད་སྨད་ཆ།

༡༩ ལྷོ་གླིང་གཡུལ་འགྱེད་དཔའ་བོའི་སྙིང་གི་དགའ་སྟོན།

༢༠ ལྷོ་ཤིང་ཁྲི་བཏུལ་བའི་ལོ་རྒྱུས་རྣམ་རྒྱལ་ནོར་ཕྲེང་།

༢༡ ལྷོ་གླིང་གཡུལ་འགྱེད་ལས་དགའ་སྟོན་རྟ་རྒྱུག །

༢༢ འཛམ་གླིང་གསེར་རྫོང་།

༢༣ སྟག་གཟིག་ནོར་རྗོང་བཀྲ་ཤིས་གཡང་ཆག །

༢༤ སྟག་གླིང་གཡུལ་འགྱེད།

༢༥ ཏཱ་ཟིག་ནོར་བུའི་གཡང་རྫོང་། བྲག་དམར་ཁྱུང་རྫོང་། རུག་ཡུལ་དངུལ་རྫོང་།

༢༦ ནོར་གཡང་ཆར་འབེབས། སྟོད་ཆ།

༢༧ ནོར་གཡང་ཆར་འབེབས། སྨད་ཆ།

༢༨ སྟག་གཟིག་ནོར་འགྱེད། སྟག་གཟིག་ཕབ་པའི་ནོར་འགྱེད་བཏང་སྐོར།

༢༩ སོག་སྟོད་རྟ་རྫོང་།

༣༠ སོག་སྨད་ཁྲབ་རྫོང་།

༣༡ སོག་ལྷུ་ཁྲིའི་རྟ་གཡང་།

༣༢ སོག་ལྷུ་ཁྲིའི་རྟ་གཡང་།

༣༣ ཨ་གྲགས་གཟི་རྫོང་།

༣༤ བྱེ་རུའི་བྱུར་རྫོང་།

༣༥ གོ་ར་ཚྭ་རྫོང་། སྟོད་ཆ།

༣༦ གོ་ར་ཚྭ་རྫོང་། བར་ཆ།

༣༧ གོ་ར་ཚྭ་རྫོང་། སྨད་ཆ།

༣༨ ཞང་ཞུང་མུ་ཏིག་རྫོང་།

༣༩ རྒྱ་གླིང་ལེའུ།

༤༠ དྲུ་གུའི་གོ་རྫོང་།

༤༡ ཁ་ཆེའི་གཡུ་རྫོང་། མངའ་རིའི་ཤེལ་རྫོང་།

༤༢ མཚོ་མི་ནུབ་དར་རྫོང་གི་སྟོད་ཆ་རྩི་རོང་ལུག་རྫོང་།

༤༣ རྩི་རོང་ལུག་རྫོང་།

༤༤ ཨུ་ཡན་དངུལ་རྫོང་། སྟོད་ཆ།

༤༥ ཨུ་ཡན་དངུལ་རྫོང་། སྨད་ཆ།

༤༦ མེ་རི་ཐོག་རྫོང་། ཐེའུ་རང་ར་རྫོང་།

༤༧ མུ་སྟེགས་ཁྲབ་རྫོང་།

༤༨ རྒྱ་གར་ཆོས་རྫོང་།

༤༩ འབྲུ་གཡང་རྣམ་ཐར།

༥༠ རྒྱ་ནག་བཤོལ་རྟ་དཔའ་བོ་དགྱེས་པའི་དགའ་སྟོན།

༥༡ བདུད་རྩི་སྨན་རྫོང་།

༥༢ དབུས་འཆི་བདག་ཆམ་ལ་ཕབ་པ།

༥༣ དམྱལ་བའི་ལེའུ།

༥༤ དམྱལ་གླིང་རྫོགས་པ་ཆེན་པོ།

༥༥ རྟོགས་བརྗོད་ལྷའི་རྔ་སྒྲ།

༥༦ ཁྲ་མོ་གླིང་གི་སྐྱོ་བསང་། བྲོ་མགུར་དཀར་མོ་རྒྱང་སྙན།

༥༧ གསེར་ཆོས་འོག་མིན་བགྲོད་པའི་ཐེམ་སྐས། དང་སེམས་ཉིད་ཆོས་རྫོང་།

འདི་དག་ཚང་མ་ལག་བྲིས་དང་ཤིང་པར་གྱི་དཔེ་ཁོ་ན་ཡིན་པར་མ་ཟད། འདི་དག་གི་ཁྲོད་དུ་གསུང་མཁན་གྱི་ཕྱག་བྲིས་དང་དཔེ་གཅིག་པུ་ལས་མི་བཞུགས་པའི་རྩ་ཆེན་སྐོར་ཡང་རེ་ཟུང་གླིང་སྒྲུང་ལ་ཞབས་ཞུའི་ཆེད་དུ་དམིགས་བསལ་གྱིས་སེར་སྣ་མེད་པར་ཕུལ་ཡོད། ཨས་སོ།




微信扫一扫
关注该公众号

ཀློག་གྲངས།:[1527]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com