སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

མདོ་ཁམས་གླིང་ཡུལ་ཞིབ་ཉུལ། མུ་འགོད། ༣

མདོ་ཁམས་གླིང་ཡུལ་ཞིབ་ཉུལ།

རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱི་གསུང་རྩོམ།

སྡེ་དགེ་ཡིད་ལྷུང་གི་ས་ཆ་ན་སྟག་རོང་དཔོན་པོ་ཁྲོ་ཐུང་དང་། རོང་ཚ་དམར་ལེབ་སོགས་དཔའ་ཐུལ་དུ་མའི་མཁར་ཤུལ་དང་། སྨན་འབྲུག་མོ་དང་ནེའུ་ཆུང་སོགས་གླིང་གི་མོ་སྨན་དག་གིས་ཞབས་ཀྱིས་བཅགས་པའི་རྗེས་ཤུལ་མང་དུ་བཞུགས་ཤིང་། ཡིད་ལྷུང་ཞེས་པའང་སྐྱ་ལོ་ཚང་རྨ་ཁོག་ཏུ་གནས་སྤོ་དུས་སྐྱ་ལོའི་སེང་ལྕམ་འབྲུག་མོ་གནས་འདིའི་བཀོད་པ་དང་། ཡུལ་གྱི་མཛེས་སྡུག་རྨད་དུ་བྱུང་་ཡིད་ཆགས་པའམ་ཡིད་ལྷུང་བའི་དབང་གིས་ཐོགས་པ་དང་། ཡིད་ལྷུང་ཁོག་ནས་ས་གནས་གཞན་དང་མི་འདྲ་བའི་གཟི་མང་པོ་རྙེད་རྒྱུ་ཡོད་པའང་འབྲུག་མོ་འདིར་བྱོན་དུས་ཆིབས་འདྲོགས་བྱས་ཏེ་གཟི་སྒམ་ཆག་ནས་གཟི་རྣམས་འཐོར་བའི་རྐྱེན་གྱིས་ཡིན་པར་བཤད། ཡིད་ལྷུང་སྟོད་ཨོ་སྒོ་ན་སྲིད་པའི་ལྷ་རབས་ཆེན་པོ་གཉན་ཆེན་གེ་མཛོ་གཉེན་པོ་བཞུགས་ཤིང་། འདི་ལ་སྡེ་པ་རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱིས་ས་པཎ་རྟོགས་བརྗོད་སྐལ་བཟང་ལེགས་ལམ་ལས། དེ་ནས་དཔག་ཚད་ཕྲག་བཞི་ན། །ཡ་མཚན་ལས་ཀྱི་ས་དག་ལ། །ལོངས་སྤྱོད་མཚན་བཞིའི་གླིང་ཉིད་དང ་། །མཚུངས་པའི་གླིང༵་དུ་གྲགས་པ་ཅན། །དེར་སྔོན་འཇིགས་མེད་གེ༵་ས༵ར་གྱི། །རྒྱལ་པོ་པདྨ་ཅན་གྱི་ཞལ། །བྱེ་བ་ཙམ་ན་སྲིད་པ་འདིར། །འགྲན་བློའི་ཀུ་མུད་ཟུམ་པ་བྱུང་། །དེ་ཡི་དཔུང་གཉེན་སྲིད༵་པ༵འི་ལྷ༵ རྫུའཕྲུལ་བ་སྤུའི་མྱུ་གུ་ཡང་། །འབྲས་ཀུན་རྫོགས་ལ་དགྱེས་ཞབས་ཀྱིས། །གཙུག་ཏོར་ཡལ་འདབ་དེར་ཁ་ཕྱེ། །ཞེས་མདོ་ཁམས་གླིང་གི་ཡུལ་དེར་གླིང་རྗེ་གེ་སར་རྒྱལ་པོ་འཁྲུངས་པ་དང་། སྲིད་པའི་ལྷ་ཆེན་སྐུ་ལྷ་་གེ་མཛོ་བཅས་བཞུགས་ཚུལ་གསལ་བ་དང་། དཔལ་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས་མཆོག་གིས་བཀྲ་ཤིས་ལྷ་ཡི་རྔ་གསང་ལས། ཕུན་ཚོགས་མདོ༵་སྨད༵་ཡུལ་གྱི་ཆར། ཡི༵ད་འོང་མཐོ་རིས་སྐབས་གསུམ་ཚལ། །འཛིན་མར་ལྷུང༵ འདྲའི་སྨན་ལྗོངས་ལ། །དག་བྱེད་དཀར་ཕྱོགས་ལྷ་ཡི་རྒྱལ། །གཉན་ཆེན་ཨ་བོ་གེ༵་ཛོ༵་ཞེས། །འཛམ་གླིང་སེང་ཆེན་རྒྱལ་པོའི་ཡབ། །ཞེས་ནས། སྲས་མཆོག་རིགས་གསུམ་ཡེ་ཤེས་སྐུ། །སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །དཔའ་ཐུལ་དྭངས་སྨན་སྤྲུལ་པའི་དམག །ལྷ་སྲས་དགེ་ཆུང་གཉན་པོ་དང་། །སྲིང་ལྕམ་ཐ་ལེ་འོད་དཀར་ཅན། །ཞེས་སྲིད་པའི་ལྷ་ཆེན་གེ་མཛོ་གཉེན་པོ་ལ་བསྔགས་པ་རྒྱ་ཆེར་མཛད་ཅིང་། དཔའ་བོ་ལས་རབ་རྩལ་གྱིས། པད་འབྱུང་ཞལ་མཐོང་རྡོ་རྗེའི་གཡར་དམ་ཅན། །དགེ་བསྙེན་གེ་མཛོ་བོད་ཆེན་སྐྱོང་བའི་བདག །བསང་ངོ་མཆོད་དོ་གངས་ཅན་བོད་ཡུལ་གྱི། །བསྟན་དང་བསྟན་འཛིན་དར་ཞིང་རྒྱས་པར་མཛོད། །ཅེས་པའི་འཕྲིན་ལས་བཅོལ་བར་མཛད། གེ་མཛོའི་གཡོན་ཕྱོགས་རྒྱ་སྟག་བྲག་དམར་མདུན་ན་གེ་སར་རྐྱང་ལུ་བཏགས་ས་ཟེར་བའི་ཤིང་ཕུར་ཞིག་ཡོད་པ་ད་ལྟར་ཤིང་སྡོང་ཆེན་པོ་ཞིག་ལ་འགྱུར་ནས་ཀླུང་རྟ་སྒྲོན་མཆོད་བྱེད་ས་ཞིག་ཏུ་གྱུར་ཡོད། ཨོ་གུར་གྱི་ས་འདི་གླིང་གི་གཡོག་པོ་རྣམ་གསུམ་གྱི་ཡ་གྱལ་གྲུབ་ཆེན་མི་ན་རའི་རྣམ་འཕྲུལ་སྟག་རོང་བློན་པོ་ཨ་ཁོད་ཐར་པའི་ཟོར་སྣའི་བཞུགས་གནས་ཡིན་པར་མ་ཟད། ཨ་ཁོད་སྡེ་པ་ཟེར་བའི་ཨ་ཁོད་ཐར་པའི་རུས་རྒྱུད་ཡོད་པ་ལ། འདྲེན་མཆོག་བསོད་ནམས་བཀྲ་ཤིས་ཀྱིས་ཡིད་ལྷུང་དཔོན་པོ་འབུམ་སྐྱབས་དང་མཆོད་ཡོན་དུ་འབྲེལ་ནས་ཡུལ་འདིར་སྒར་ཞིག་བཏབ་པས་ཡིད་ལྷུང་སྒར་བཞིའི་ཡ་གྱལ་དུ་གྱུར་ཅིང་། དེ་ནས་སྔར་གྱི་ཨ་ཁོད་ཅེས་པའི་མིང་དེ་ཡང་འགྱུར་ནས་ཨོ་གུར་ཞེས་ཐོགས། རྫ་ཁོག་སྨོན་རྒྱལ་དགོན་པའི་མངའ་ཞབས་ན་ཨ་གསུམ་གྱི་འོག་མ་ཨ་ཁོད་སྡེ་པ་ཟེར་བའི་ཨ་ཁོད་ཐར་པའི་ཟོར་སྣ་ལས་ཆད་པའི་སྡེ་པ་འགའ་ཞིག་ཡོད་པ་ཡང་འདི་ནས་ཆད་པར་ཡིན་པར་བཤད། རྒྱ་རོང་རྟག་བརྟན་རྣམ་རྒྱལ་ཆོས་འཁོར་གླིང་ན་འོམ་བུ་ཨ་ནུ་དཔའ་སེང་གི་རྣམ་པར་སྤྲུལ་པ་༼སྐྱེ་ཕྲེང་གསོལ་འདེབས་དུ། བར་གླིང་ཚོ་དྲུག་རྗེ་བོ་ཨ་དཔལ་སེང་། །ཞེས་དང་། གླིང་ཡུལ་འོམ་བུའི་ཨ་ནུ་དཔལ་གྱི་སེང་། །ཞེས་སོ། །༽ ནམ་སྤྲུལ་བཞི་པ་འགྱུར་མེད་འགྲོ་འདུལ་གར་གྱི་རྡོ་རྗེ་མཆོག་གིས་གླིང་ཚང་བཙུན་མོ་སྐལ་བཟང་ཆོས་ཀྱི་སྒྲོལ་མའི་བརྡའ་ཡིས་བསྐུལ་བ་ལྟར་ཡང་ཟབ་ཐུགས་ཐིག་མཁའ་འགྲོའི་གསང་མཛོད་ལས། གེ་སར་གསོལ་འདེབས་བྱིན་རླབས་ཆར་འབེབས་དང་། གེ་སར་གསང་སྒྲུབ་སྣང་སྲིད་དབང་སྡུད། འཛམ་གླིང་གེ་སར་ནང་སྒྲུབ། གེ་སར་སྐོང་བ་འདོད་ཡོན་མཆོད་སྤྲིན། གེ་སར་གཡང་སྒྲུབ་ཉི་ཟླའི་ཟེར་ཞགས། གེ་སར་དགྲ་བྲུབ་དཔའ་བོའི་གད་རྒྱངས། གེ་སར་དགྲ་ལྷའི་རྒྱལ་པོའི་རྟེན་འཛུགས། གེ་སར་གསོལ་བསྡུས་འདོད་ཡོན་ལྷུན་འགྲུབ། དགྲ་བླ་གེ་སར་གསོལ་མཆོད། གེ་སར་བླ་རྡོ་སྲོག་ནོར་བཅའ་ཐབས་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་སྒྲུབ་སྐོར་ངོ་མཚར་ཆེ་བ་དུ་མ་དགོངས་གཏེར་དུ་ཕབ་པར་མཛད། སྔགས་སྐྱེས་འགྲོ་འདུལ་དཔའ་བོ་རྡོ་རྗེའི་དག་སྣང་དཔལ་རིར་བགྲོད་པའི་རྟོགས་བརྗོད་ལས། གཡས་ཕྱོགས་གླིང་གི་ཕུ་ནུ་གྲུབ་ཆེན་སུམ་ཅུ་གོ་ཁྲབ་དབུ་རྨོག་དར་འཕྲུ་ཅན་དང་། གཡོན་ཕྱོགས་ཌཱཀྐི་མོ་སྨན་སུམ་ཅུ་གར་སྟབས་བཞད་བྲོ་དང་བཅས་བསུ་བ་ལ་ཕེབས། ཁྱད་པར་མོ་སྨན་བྱང་ཆུབ་ཏོག་མཛེས་ཀྱིས། སྙན་པའི་གླུ་ཡིས་སྣ་དྲངས། མོ་སྨན་རྣམས་མགྲིན་གཅིག་ཏུ། ཚེ་སྔོན་སྐྱེ་བའི་ཕྲེང་བ་དང་གླིང་གི་སྣང་ཚུལ་གྱི་གླུ་མང་པོ་བླང དཔའ་བདུད་ཁྲོ་རྒྱལ་རྣམས་དང་། ཌཱཀྐི་དྭངས་སྨན་རྣམས་ཆབས་ཅིག་ཞི་རྒྱས་དབང་དྲག་གི་གླུ་བྲོ་སྣ་ཚོགས་མཛད། མགར་སྲས་དྷརྨ་ཏཱ་རེས་གླིང་གི་སྐྱེ་བརྒྱུད་ལུང་བྱང་། སྙན་བརྒྱུད་མན་ངག་གི་ཤོག་དྲིལ་བཅུ་གསུམ་གནང་། བཟའ་བཏུང་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད། ཐམས་ཅད་མགྲིན་གཅིག་མེ་ཏོག་འཐོར་ཞིང་བདེན་ཚིག་སྨོན་ལམ་བཀྲ་ཤིས་མང་པོ་བརྗོད། ཅེས་གསུངས་པ་ལྟར་གཏེར་སྟོན་ཆེན་པོ་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་ཞིང་དུ་ཕེབས་སྐབས་གླིང་གི་དཔའ་བདུད་ཌཱཀྐི་མོ་སྨན་རྣམས་ཀྱིས་ལས་བཞིའི་གླུ་བྲོ་སྣ་ཚོགས་མཛད་པའི་གར་འཆམ་དངོས་སུ་གཟིགས་པའི་དག་སྣང་མངོན་སུམ་མི་ཡུལ་དུ་འཕོས་པ་མཛད་དེ། རྒྱ་རོང་དགོན་ན་དགོན་སྡེ་གཞན་གྱི་གེ་སར་གར་འཆམ་དབྱངས་རོལ་དང་རྒྱན་ཆས་ཆ་ལུགས་སོགས་དང་མི་འདྲ་བར་ཕྱོགས་བཞིའི་བདུད་བཞི་འདུལ་བའི་དཔའ་བོ་དགྲ་འདུལ་གྱི་རྔམ་སྟབས་དང་ཕུ་ནུ་དཔའ་བདུད་རྣམས་ཀྱི་གར་འཆམ་བཅས་ཁྱད་པར་འཕགས་པ་ཞིག་ཡོད། མ་ཎི་སྐ་མགོའི་གཡས་ཕྱོགས་ད་ལྟར་གཡག་ཟེ་དགོན་པ་ཆགས་ས་དེ་གྲུབ་ཆེན་དཱ་སི་རིའི་རྣམ་སྤྲུལ་སྟག་རོང་ཨ་ནུ་གཟིག་འཕེན་གྱི་ཕོ་བྲང་བེའུ་སྟག་རྫོང་གི་ཤུལ་ཡིན་ཞིང་། དུས་དེར་དགྲ་ཇག་བསྲུང་བའི་ཐབས་སུ་ལ་རྒྱབ་ནས་ཆུ་བོ་སྦུབས་སུ་དྲངས་ནས་མཁར་གྱི་མཐའ་སྐོར་དུ་ཁྲིད་པའི་ཤུལ་ད་ལྟར་དངོས་སུ་མཐོང་རྒྱུ་ཡོད། སེ་ར་བ་ཨོ་རྒྱན་རྒྱ་མཚོས་སྔོ ན་གནས་རྗེས་དྲན་གྱིས་ཉ་ཚ་ཨ་བརྟན་གྱི་སྐུ་སྐྱེ་བཞེས་པ་དྲན་ནས་མཆེད་ཨ་ནུ་གཟིག་འཕེན་གྱི་མཁར་ཤུལ་དུ་གཡག་ཟེ་ཐེག་མཆོག་འགྲོ་འདུལ་གླིང་གི་དགོན་པ་ཆག་བཏབ་མཛད། གཡག་ཟེ་ཐེག་མཆོག་འགྲོ་འདུལ་གླིང་གི་གེ་སར་དགྲ་ལྷ་ཀླུང་རྟའི་གར་འཆམ་གྱི་འཆམ་ཚུགས་གྲུབ་དབང་རྫོགས་ཆེན་པའི་ལུགས་ཡིན་རུང་སྐུ་མདོག་ཕྱག་མཚན་དང་འཆམ་གྱི་གོ་རིམ་གཡག་ཟེ་གཏེར་སྟོན་དབང་དྲག་རོལ་པ་རྩལ་དང་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གཉིས་ཀྱི་དག་སྣང་བཞིན་མི་འདྲ་བའི་ཁྱད་པར་ཡོད། རིག་འཛིན་དབང་དྲག་རོལ་པ་རྩལ་གྱི་དག་སྣང་ཕུ་ནུའི་གསོལ་ཀ་ལས་གླིང་གི་ཕུ་ནུ་རྣམས་ཀྱི་གྲངས་འདྲེན་པ་ན་སྐུ་ཉིད་ཀྱི་གཟིགས་སྣང་ལྟར་དམ་པའི་མི་བདུན། ཕ་ཁུ་མཆེད་བཞི། དཔའ་ཐུལ་བཅུ་གསུམ། ཚོ་ཡན་རུ་བཞི། རྒྱལ་མཚན་མི་བཞི། ངོ་ལུག་མི་གསུམ། གཟུ་བ་རྣམ་གཉིས། ཐུལ་ཕྲན་མི་བཞི། བྲན་གཡོག་མི་གསུམ་བཅས་ལ་ངོས་འཛིན་གནང་ཡོད། གཏེར་སྟོན་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་ལ་གླིང་སྒྲུང་ཨ་ཡན་སྙན་རྒྱལ་བཏུལ་ཚུལ་གཏེར་མ་པོད་གཅིག་བཞུགས། མ་ཎི་སྐ་མགོའི་གོང་རོལ་གྱི་རི་འདི་རྒྱ་ཚ་དང་སྲས་དགྲ་ལྷ་སོགས་གླིང་ཆུང་རྒྱུད་ཚང་གི་བླ་རི་ཡིན་པས་རྒྱ་ཐོད་མ་ཞེས་མིང་དེ་ལྟར་ཐོགས་པ་དང་། རྒྱ་ཐོད་མའི་སྲང་དེར་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་སྦྲ་ཤུལ་ཡོད་པས་ལྷ་རྒྱལ་སྲང་ཞེས་གྲགས་པ་ཕྱིས་དགོན་པ་ཆག་བཏབ་སྐབས་ས་མིང་དགོན་ལ་སྦྱར་ནས་ཡིད་ལྷུང་ལྷ་རྒྱལ་སྲང་གི་དགོན་པ་ཞེས་བཏགས་པར་བཤད། ལྷ་རྒྱལ་སྲང་གི་གཡས་ཕྱོགས་ནས་བསང་ཆེན་དང་། བསང་འབྲིང་། བསང་ཆུང་ཟེར་བའི་རི་དེ་ཆེ་ཆུང་གསུམ་ཡོད་པ་སྐྱ་ལོ་སྔོ་ལོ་བྲོ་ལོ་གསུམ་གྱི་བསང་གཏོང་ས་ཡིན་པ་དང་། དེའི་གཡས་ཕྱོགས་སྟག་ལྟེམ་ཟེར་ས་ན་སྟག་རོང་དཔོན་གྱི་སྦྲ་ཤུལ་ཡོད་ཚུལ་འདུག །མ་ཎིའི་སྐ་མགོའི་གཡོན་ཕྱོགས་ན་སྐུ་ལྷ་ངོ་རོ་སྟག་རྩེ་དང་། བླ་རི་སྟག་ལྷ་སྤུན་གསུམ་ཟེར་བ་ཡོད་པའང་སྟག་རོང་དཔོན་གྱི་སྐུ་ལྷ་དང་བླ་རི་ཡིན་པར་མ་ཟད། སྟག་རོང་གི་སྟག་འཕེན་དང་སྲིན་ཚ་ངོ་ལུག་གིས་ཡི་དམ་སྟག་ལ་མེ་འབར་སྒྲུབ་ས་ཡིན་ཚུལ་དང་། ཡང་ལྷ་རྒྱལ་སྲང་གི་གཡོན་ཕྱོགས་ཝ་བརྡ་ཚ་ཁ་ཞེས་པ་ན་གླིང་གི་རྒྱལ་བློན་རྣམས་ཀྱིས་སྐུ་ཁྲུས་གསོལ་སའི་ཆུ་ཚན་ཞིག་ཡོད་པ་ལ། སྡེ་དགེ་རྒྱལ་བློན་རྣམས་ལོ་བསྟར་ཚ་ཉལ་མཛད་པར་ཕེབས་ནས་དེ་སྐབས་ཡིད་ལྷུང་ཁོག་པས་བཞུགས་གྲྭ་བསྒྲིགས་ནས་དཀའ་ངལ་ཆེ་བ་ཡོད་སྟབས། ཕྱིས་དཔའ་རྩལ་གེ་སར་ལ་འགྲན་བཟོད་ཅིང་སྐུ་ལྷ་གེ་མཛོ་གཉེན་པོའི་སྲས་སུ་གྲགས་པ་ལྷ་མི་དར་རྒྱས་ཀྱིས་ཝ་བརྡ་ཚ་ཁར་འགྲོ་ལམ་ཁྲོ་ལ་དང་རག་ཆེན་བར་གྱི་རྫ་སྒོ་དེ་ཕ་ཝང་ཆེན་པོ་ཞིག་གིས་བཀག་ནས་ཡོང་ས་མེད་པ་དང་། ཆུ་ཚན་གྱི་སྒོའང་རྫ་རྡོ་ཆེན་པོ་ཞིག་གིས་བཀབ་ནས་མི་མངོན་པར་བྱས་པ་ད་ལྟར་ཡོད་ཅིང་། དུས་དེར་སྡེ་དགེ་རྒྱལ་བློན་རྣམས་ཚ་ཉལ་ཕེབས་ནས་ཤ་ཁྲལ་ཁྱེར་ཤོག་གསུངས་པར་ཤྭ་རོ་ཆེན་པོ་ཞིག་སྔས་སུ་བཞག །འབུད་ཤིང་ཁྱེར་ཤོག་གསུངས་པ་ལ་ཤིང་སྡོང་རྒན་ཆེན་པོ་ཞིག་བཀོག་ནས་སྒར་འགྲམ་དུ་བཞག་མཛད་པའི་ལོ་རྒྱུས་འདུག །དཔལ་ལྡན་འཁོར་ལོ་སྡོམ་པའི་གནས་མཆོག་ལྷ་ཡི་བདུད་རྩི་མི་ཡུལ་དུ་འཁྱིལ་བ་ལྟ་བུའི་ཡིད་ལྷུང་ལྷ་ཡི་མཚོ་མོའང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དང་སྐྱ་ལོའི་སེང་ལྕམ་འབྲུག་མོ་སོགས་ཀྱི་བླ་མཚོ་ཡིན་པ་དང་ ལྷ་རི་སྒར་ལ་ལྷ་རི་རྫོང་ཟེར་བའང་སྔར་དུས་གནས་འདིར་གླིང་གི་རྫོང་མཁར་ཞིག་ཡོད་པ་ལས་བཏགས་ཤིང་། ཕྱིས་ས་དེར་སྡེ་དགེའི་དཔོན་མགོ་བཞིའི་ཡ་གྱལ་ཡིད་ལྷུང་ལྷ་རི་དཔོན་གྱི་གཞིས་ཀ་བཏབ་སྟེ་ཡིད་ལྷུང་ལྷ་རི་སྒར་ཞེས་གྲགས། འབྲུག་མོ་དང་ནེའུ་ཆུང་སོགས་གནས་འདིར་བཞུགས་པའི་དན་རྟགས་ལ་དུང་འབྲུག་ལུང་གི་ས་ཆ་ན་ད་ལྟ་ཡང་འབྲུག་མོ་ཁོག་དང་། འབྲུག་མོའི་གད་ཐོག །འབྲུག་མོའི་སྦྲ་མལ། འབྲུག་མོའི་ཆང་དོང་། འབྲུག་མོའི་བྲོ་ར། སྐྱ་ལོའི་མཁར་ཤུལ། སྐྱ་ལོའི་རྟ་རའི་ནང་། གེ་སར་སྒྲུབ་ཕུག །ནེའུ་ཆུང་མ ་ཟེར་བ་སོགས་ཀྱི་ས་མིང་དང་རྗེས་ཤུལ་གསལ་པོ་མང་པོ་ཡོད། ཡིད་ལྷུང་སྨད་སྲིབ་ལུང་རོང་ཆེན་འགག་ན་བྲག་རི་ཞིག་གི་རྩེ་མོ་བཅད་ནས་སར་འཕངས་པའི་བྲག་ངོས་ན་མི་ཞིག་གི་ལག་པ་ཕྱིར་བཀྱིག་ནས་གནམ་བཏགས་བྱས་པའི་རང་བྱོན་གསལ་བ་ཞིག་ཡོད་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཡུལ་འདིར་དམ་སྲི་མ་རུང་བ་ཞིག་གནས་པ་བཀའ་དམ་ལ་བཞག་པ་རེད་ཟེར་ཞིང་། དམ་སྲི་གནམ་བཏགས་བྱས་པའི་བྲག་ཀླད་ལ་ཨོཾ་ཡིག་རང་བྱོན་གསལ་བ་ཞིག་བཞུགས། རོང་ཆེན་ལུང་པའི་ཕུ་ན་གླིང་རྗེ་གེ་སར་རྒྱལ་པོས་བདུད་མི་ནག་སྤུན་བདུན་བཏུལ་ས་ཟེར་བ་ཞིག་ཡོད་ཅིང་། དེ་ན་ཕ་བོང་ཆེ་ཆུང་གཉིས་ལ་ལྷ་རྟ་རྐྱང་རྒོད་འཕེར་པོའི་རྨིག་རྗེས་ངོ་མཚར་ཤིན་ཏུ་ཆེ་བ་ཡོད། གནས་འདི་ལ་བཀྲ་ཤིས་རྟགས་བརྒྱད་དངོས་སུ་ཚང་བས་ད་ལྟར་ཡང་འཁོར་ལོ་ལྟེམ་དང་། གསེར་ཉ་འཇུ། དུང་དཀར་ཁ་སོགས་ཀྱི་ས་མིང་མ་ཉམས་པ་ཡོད། འབྲི་གཏེར་འོད་གསལ་རྡོ་རྗེས་སྐྱེ་ཕྲེང་གསོལ་འདེབས་ལས། ཁྲ་མོ་གླིང་གིས་བདུད་དགྲ་འདུལ་བའི་དུས༔ རོང་ཚ་དཔའ་བོ་གན་འཕན་མཚན་ཅན་གྲགས༔ མཐའ་མིའི་འཁྲུགས་པ་ཞི་བར་བྱིན་གྱིས་རློབས༔ ཞེས་དང་། ལབ་དབང་ཆེན་དགྱེས་རབ་རྡོ་རྗེའི་ལུང་བྱང་དུ། རྩྭ་རྒྱལ་གེ་འཕན་དམར་ལེབ་ལ༔ འབྲེལ་ཚད་རིག་འཛིན་ཞིང་དུ་འགྲོ༔ ཞེས་གསུངས་པ་ལྟར་རོང་ཚ་གན་འཕན་དམར་ལེབ་ཀྱི་རྣམ་འཕྲུལ་རྩྭ་ཤུལ་གཏེར་སྟོན་བསོད་ནམས་རྒྱ་མཚོ་རོང་ཆེན་ནང་དུ་ཕེབས་སྐབས་རྡོ་ལེབ་ཆེ་བ་ཞིག་ལ་ཆིབས་པའི་རྨིག་རྗེས་བྱོན་པ་ད་ལྟར་བཞུགས་ཤིང་། ཁོང་གི་གཏེར་ཆོས་ནང་གེ་སར་སྒྲུབ་པ་དང་གསོལ་ཁ་སོགས་བཞུགས། རོང་ཆེན་ལུང་པའི་སྟོད་སྨད་རྣམས་ནས་ནམ་རྒྱུན་ཁྲབ་ཀྱི་བྱང་བུ་དང་མདེའུ་མང་པོ་ཞིག་རྙེད་རྒྱུ་ཡོད་པའང་ས་འདིར་གླིང་གི་ས་ཆ་ཡིན་པའི་དན་རྟགས་སུ་འདུག རོང་ཆེན་བུ་ལུང་ལ་རྒྱབ་ན་ཁྲོ་ཐུང་གིས་ར་རྫོང་ཕབ་གནས་རོང་ཆེན་ར་དམར་གཤོང་ཟེར་བའི་རི་བོ་དམར་པོ་ཞིག་ཡོད་ཅིང་། བུ་ལུང་དང་ཉེ་བའི་ཇ་ལུང་གཡས་ལག་ན་བྲག་སྦྲ་འདྲ་མ་ཟེར་བ་ཞིག་ཡོད་པ་དེའི་ཐོག་ན་ཁྲོ་ཐུང་གིས་ར་འདེད་དུས་རྗེས་དོད་སོང་ཟེར་བའི་རའི་རྨིག་རྗེས་ཉི་ཤུ་སྐོར་ཞིག་ཡོད་པས་མཚོན་བུ་ལུང་དང་ཇ་ལུང་གི་ས་ན་ར་རྗེས་མེད་ས་གཅིག་ཀྱང་མེད། བུ་ལུང་ནང་ནས་རྔ་མོང་སྣ་ལ་ཕར་སོང་བའི་ས་ན་དམར་རག་སུམ་མདོ་ཟེར་བ་ཞིག་ཡོད་པ་ཁྲོ་ཐུང་གིས་ཟངས་རྫོང་ཕབ་གནས་དང་། དེ་ནས་ཡར་འགྲོ་སའི་ས་ན་ཀཿཐོག་པ་ཤེས་རབ་སེང་གེའི་སྒྲུབ་གནས་གཙང་དཀར་དང་གཙང་ནག་ཟེར་བའི་རྫ་རི་དཀར་ནག་གཉིས་བཞུགས་པ་ལས་གཙང་དཀར་གནས་དེ་ཁྲོ་ཐུང་དཔོན་གྱིས་ཁྲོ་རྫོང་ཕབ་གནས་དང་། གཙང་ནག་དང་དེའི་རྒྱབ་ཀྱི་ལྕགས་ཐག་ཟེར་བའི་རི་དེ་ཁྲོ་ཐུང་གིས་ལྕགས་ཀྱི་གཏེར་ཁ་བཞེས་པའི་གནས་ཡིན་པ་ཡོངས་གྲགས་ལ། གཙང་དཀར་གྱི་གཡས་ཕྱོགས་དམར་ཆེན་ཕུའི་རྫ་རིའི་ལོགས་ལ་གུ་རུ་རང་བྱོན་ཆེན་པོ་ཞིག་བཞུགས་པ་མཇལ་རྒྱུ་ཡོད། ཡིད་ལྷུང་སྨད་རོང་ཚ་ནང་ཞེས་པ་ན་གསང་བའི་སྤྱོད་པས་གྲུབ་པ་བརྙེས་པཔཱཀ་ལའི་རྣམ་སྤྲུལ་རོང་ཚ་གེ་འཕེན་དམར་ལེབ་ཀྱི་མཁར་ཤུལ་དང་། དེ་ན་རོང་ཚ་དམར་ལེབ་ཀྱིས་གཏེར་ནས་བཞེས་པའི་རོང་ཚའི་ཚ་ཆུ་ཟེར་བ་ཞིག་དང་། འཇའ་ལུས་པ་སྦྱིན་པ་འདི་ནས་ཕེབས་དུས་ནམ་མཁའ་ནས་མ་ཎིའི་སྒྲ་ཆེན་པོ་ཞིག་གྲགས་པ་གསན་ཞིང་། ཡར་གཟིགས་པས་བྲག་ངོས་ལ་མ་ཎི་ཆེན་པོ་ཞིག་བྱོན་ཡོད་པར་གཟིགས་ནས་མ་ཎིའི་རང་བྱོན་རྩ་དེར་མ་ཎིའི་རྡོ་འབུམ་ཆེན་པོ་ཞིག་བཞེངས་པའི་འཕྲོ་ད་ལྟ་ཡངབཞུགས རོང་ཚའི་སྡེ་དཀར་མཛེས་སྟོད་ཕྱོགས་ཧོར་རོང་པ་ཚ་ན་ཡོད་པ་ལ་དཀར་མཛེས་རོང་པ་ཚ་ཞེས་དང་། ཡིད་ལྷུང་ན་ཡོད་པ་ལ་ཡིད་ལྷུང་རོང་ཚ་སྡེ་པ་ཞེས་སུ་གྲགས། ཨེན་དུང་ནོར་བུ་འཕེན་ཕྱུག་གི་ཉེ་ཞོལ་གཟུ་ཆེན་མཁར་མགོ་ཞེས་པ་ན་ཤཱཀྱའི་དགེ་བསྙེན་གྲུབ་པ་བརྙེས་པ་ནགས་ན་སྤྱོད་ཀྱི་རྣམ་སྤྲུལ་གཟུ་ཆེན་ཝེར་མ་ལྷ་དར་གྱི་མཁར་ཤུལ་དང་། ཡིད་ལྷུང་སྨད་ཕྱོགས་ན་གྲུབ་ཆེན་ཌཱོམ་བྷི་པའི་རྣམ་པར་འཕྲུལ་པ་གླིང་གེ་སར་རྒྱལ་པོའི་ཁུ་བོ་སྟག་རོང་དཔོན་པོ་ཁྲོ་ཐུང་གི་མཁར་ཤུལ་དང་། ཨ་ཁུ་ཁོག་གི་སྲིབ་ལུང་མདའི་ཤིང་ནགས་རྫོབ་ཅན་གྱི་དཀྱིལ་ན་ཁྲོ་ཐུང་དཔོན་གྱིས་གཏེར་ནས་བཞེས་པའི་ཚ་ཆུ་ཡ་ཡོད་ལ། ཚ་ཆུ་འདི་ཉིད་བྱིན་རླབས་ཆེ་བས་ཕྱོགས་ཀྱི་སྐྱེ་བོ་དུ་མ་རྒྱུན་དུ་ནད་བཅོས་བྱེད་དུ་འོང་པ་མང་ཞིང་ཆུ་སེར་དང་གྲང་བའི་རིགས་ཀྱི་ནད་ལ་ཕན་ནུས་ཀྱང་མངོན་གསལ་དུ་ཐོབ་ཀྱིན་ཡོད། ཚ་ཆུའི་རྒྱབ་ཏུ་སྟག་རོང་ཁྲོ་རྒྱལ་གྱིས་ལྷ་རྟ་མགྲིན་དམར་པོ་སྒྲུབ་སའི་གནས་དང་། སྒྲུབ་ཕུག་ཡོད་པ་ལ་དེང་སང་རྟ་ཁོག་ཅེས་གྲགས། གནས་འདི་སྟག་རོང་ཨ་ཁུ་ཁྲོ་ཐུང་གི་ས་ཆ་ཡིན་པས་ད་ལྟའི་བར་དུ་ས་མིང་ལའང་ཁྲོ་ཐུང་ཁོག་དང་ཨ་ཁུའི་ཁོག་སོགས་སུ་ཐོགས་ནས་ཡོད་ཅིང ་། ཁྲོ་ཐུང་མདའི་ལམ་ཆེན་ཞབས་ན་ཁྲོ་ཐུང་ཚང་གི་རྟ་བཏགས་ས་རེད་ཟེར་བའི་ཁྲོ་ཐུང་རྒྱ་ར་ཐང་དུ་གྲགས་པ་དང་། ཁྲོ་ཐུང་མཁར་ལྟག་ན་ཁྲོ་ཐུང་བླ་མཚོ་ཟེར་བའི་མཚོ་གཉན་པོ་བཞི་དང་། ཁྲོ་ཐུང་ཚ་ཆུའི་ཉེ་འགྲམ་ཕ་རི་ན་ཁྲོ་ཐུང་ཆོས་བརྩེགས་བྲག་ཟེར་བའི་བྲག་རི་དམར་པོ་ཆོས་བརྩེགས་བྱས་པ་འདྲ་བ་དང་། ཁྲོ་ཐུང་བང་བའི་ལ་ན་སྟག་རོང་ཚང་དབྱར་རུ་འགྲོ་ལམ་རེད་ཟེར་བའི་རྒྱ་འུ་ཟི་སྟག་ལ་ཁྲ་བོ་ཟེར་བའི་ལ་ཞིག་ཡོད་པ་དང་། སྟག་ལ་ཁྲ་བོ་ནས་སོང་བའི་ཁྲོ་ཐུང་ཕུ་ཡི་ལ་ཁ་ན་དབྱར་ས་ཀུན་དགའ་ར་བ། སྟག་རོང་ན་ལྟེམ་གོང་མ་ཟེར་བའི་སྟག་རོང་དཔོན་ཚང་དབྱར་རུ་སྡོད་སའི་མཚེར་ས་དང་། མ་ཎི་་མགོ་ནས་ཁྲོ་ཐུང་ནང་བར་ལ་ཁྲོ་ཐུང་རྐང་ལམ་ཟེར་བའི་སྲང་ལམ་ཆེ་བ་དང་། ཁྲོ་ཐུང་ཁོག་ན་འདོ་བ་འཕར་བ་རྔ་ནག་ཁྲིད་ལམ་ཟེར་བའི་སྲང་ལམ་ཞིག་སོགས་ད་ལྟར་ཡང་ཡོད་ལ། མཁས་གྲུབ་དམ་པ་དུ་མས་ས་འདི་སྟག་རོང་དཔོན་པོ་ཁྲོ་ཐུང་གི་ས་ཆ་ཡིན་ཚུལ་གསུངས་པར་མཛད་དོ།

མུ་འགོད། འཕྲོ་རྗེས་མར་གཟིགས།

 

 

ཀློག་གྲངས།:[1111]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com