

པཎ་ཆེན་སྨྲྀ་ཏིའི་འདྲ་སྐུ་ཞིག་མཇལ་སྐབས་ཀྱི་ལབ་གླེང་།
རྒྱ་གར་གྱི་པཎ་ཆེན་སྨྲྀ་ཏི་ཛྙ་ན་འམ་དྲན་པ་ཡེ་ཤེས་མཆོག་ནི། གླིང་རྗེ་གེ་སར་སྐྱེས་བུའི་མཛད་རྣམ་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་མི་སྣ་གལ་ཆེན་ཞིག་ཡིན་ལ། པཎ་ཆེན་འདི་བ་སྒ་འཛོམ་ཉག་གི་མཆོད་རྟེན་དཀར་ཆགས་སོགས་ལ་གཞི་བཅོལ་ཏེ་གཞིགས་ན། ཁོང་རྒྱ་གར་ཡུལ་དབུས་ཕྱོགས་ཀྱི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་པའི་སྲས་སུ་འཁྲུངས་པ་ཡིན་ཚུལ་གསལ་ཙམ་དང་། གཞན་རྒྱ་གར་གྱི་གྲུབ་ཆེན་ནཱ་རོ་བའི་སློབ་མ་དང་། བོད་ཀྱི་བྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ཀྱི་བླ་མ་ཡིན་ཚུལ་གྱིས་འཚོ་བཞུགས་ཀྱི་དུས་ཚོད་འཚོལ་པ་དང་། མཐར་དྲན་ཐང་དུ་འདས་ཚུལ་བཤད་རྒྱུ་ཙམ་མ་གཏོགས། འཁྲུངས་འདས་ཀྱི་ལོ་ཁམས་གསལ་བོ་མི་ངེས་ཕྱིར། ད་ཆ་དོན་གཉེར་བ་ཚོའི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། བཤད་རྒྱུན་ལྟར་ན་པཎ་ཆེན་སྨྲྀ་ཏི་བོད་དུ་ཕེབས་ལམ་ལོ་ཙཱ་བ་འདས་རྐྱེན་གྱིས་གཙང་རྟ་ནག་ཅེས་པའི་ཡུལ་དུ། འབྲོག་ཚང་གཅིག་གི་གཡོག་པོར་བཞུགས་དགོས་ཐུག་ཏེ། ངུ་སྤྲོ་བ་གསུམ་དང་། དགོད་སྤྲོ་བ་གསུམ་སོགས་སྐུ་ཚེགས་འོ་བརྒྱལ་བརྗོད་འདས་མྱངས་པའི་རྣམ་ཐར་བྱུང་བ་དང་། ཉིན་ཞིག་ཁོང་རང་ཉིད་ཀྱི་ཡོན་ཏན་དང་གནས་བབས་ལ་དགོངས་ནས་ཐུགས་སྐྱོ་ལྷང་ལྷང་ངང་། མི་ཁྱིམ་དེའི་སྒོའི་ཡ་ཐེམ་དུ། རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། ། མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས། ། དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས། ། གཟུགས་བརྙན་ཟླ་བར་འཛིན་པ་ཤིན་ཏུ་འཁྲུལ། ། ཞེས་པའི་ཚིགས་བཅད་ཕྱག་བྲིས་མཛད་དེ་སྦྱར་ཡོད་པ། ཁོང་སྔོན་རྒྱ་གར་དུ་བཞུགས་དུས་ཀྱི་སློབ་མ་ལོ་ཙཱ་བ་དཔྱལ་བསོད་ནམས་རྒྱལ་མཚན་ཞེས་པས་མཇལ་ཙ་ན། རང་གི་སློབ་དཔོན་གྱི་ཕྱག་བྲིས་ཡིན་པ་ངོ་ཤེས་ཤིང་འདི་སུས་བྲིས་ཞེས་རྩད་བཅད། ཁྱིམ་ཚང་དེའི་མིས་ཡི་གེ་འདི་ངེད་ཚང་གི་ལུག་རྫི་ཐང་རྙེད་ཀྱིས་བྲིས་པ་ཡིན་ཚུལ་བཤད། ལོ་ཙཱ་བས་མི་ཁྱིམ་དེ་ལ་ཁྱེད་ཚང་གི་རྫི་བོ་ཐང་རྙེད་དེ་མི་རང་བཞིན་པ་ཞིག་མིན་ཚུལ་དང་། རང་གི་བླ་མ་ཡིན་ལུགས་གསལ་བཤད་བཅས་མི་ཁྱིམ་དེར་གསེར་སྤྲད་དེ་པཎ་ཆེན་སྨྲྀ་ཏི་སྨན་ལུང་ཞེས་པའི་གནས་སུ་གདན་དྲངས་ནས་ཆོས་དང་མན་ངག་མང་པོ་ཞུས་ཤིང་བཀུར་སྟི་མཛད་ཚུལ་དང་། ལྷག་ཏུ་པཎ་ཆེན་སྨྲྀ་ཏི་མདོ་ཁམས་གླིང་ཡུལ་དུ་ཕེབས་ཏེ། གླིང་རྗེ་གེ་སར་སྐྱེས་བུའི་མཆོད་གནས་སོགས་མཛད་ཅིང་ཡུལ་དེར་འབྲེལ་འདྲེས་ངེས་ཅན་གནང་ཞིང་། ཁོང་གིས་བོད་སྐད་བསླབས་པ་མ་ཟད། གླིང་ལྡན་ཡུལ་དུ་བརྡ་སྤྲོད་སྨྲ་སྒོའི་མཚོན་ཆ་བརྩམས་ཚུལ་ཉེ་རབས་བོད་ཀྱི་མཁས་པ་ཚེ་ཏན་ཞབས་དྲུང་སོགས་ཀྱིས་གསུང་དུ་གསལ་ཚུལ་སོགས་རྒྱུ་ཆ་མང་པོས་ར་འཕྲོད་པས། པཎ་ཆེན་སྨྲྀ་ཏི་དང་གླིང་རྗེ་གེ་སར་སྐྱེས་བུ་ཟུང་ལ་བླ་སློབ་ཡོན་མཆོད་ཀྱི་འབྲེལ་བ་ཡོད་པ་གསལ་ཐག་ཆོད་པས་ཐེ་ཚོམ་མེད། ཡིན་ཡང་ཉེ་དུས་ལོ་རྒྱུས་པ་རེ་འགས་དཔྱད་འབྲས་སུ་པཎ་ཆེན་སྨྲྀ་ཏི་མཆོག་སྤྱི་ལོ་ ༡༠༣༣ ལ་འདས་པར་དངོས་བཟུང་སྟེ། གླིང་གེ་སར་འཁྲུངས་ལོ་བདུད་འཇོམས་ལུགས་སུ་བྱས་ན་སྨྲྀ་ཏི་གླིང་རྗེ་དུས་མཉམ་ཚུལ་མེད་པར་བཞེད་པ་མཁན་ཡོད། དེ་ཡང་སྤྱིར་གླིང་རྗེ་དང་སྨྲི་ཏི་ཞལ་མཇལ་བའི་དུས་ཚོད་གསལ་ཐག་ཆོད་པ་མེད་པས་དཔྱད་འོས་སུ་མཆིས་པ་མད་མོད། འོན་ཀྱང་དེ་ནི་ད་དུང་དཔྱད་ཡུལ་མ་གཏོགས་ཐག་ངེས་ཅན་ཞིག་མི་ཆོད་སྙམ་ལ། ལྷག་པར་དུ་ཇོ་བོ་རྗེ་དང་སྨྲྀ་ཏི་རྣམ་པ་གཉིས་ལས་དགུང་ལོ་ཆེ་བ་སུ་ཡིན་རྩད་ཡང་དག་པ་གཅོད་དགོས་པའི་ཞར་ནས། ཇོ་བོ་རྗེ་བོད་དུ་ཕེབས་ཕྱིན་སྨྲྀ་ཏི་བཞུགས་ཡོད་མེད་དང་། བཞུགས་ན་དུས་ཡུན་ག་ཚོད་ལ་བཞུགས་ཡོད་མིན་ལ་འདང་རྒྱག་དགོས་ལ། གཞན་འབྲོམ་སྟོན་ཁམས་སུ་མི་ལོ་ཉི་ཤུ་ལ་བཞུགས་ཏེ། སེ་བཙུན་དང་སྨྲྀ་ཏི་གཉིས་རྩ་བའི་བླ་མར་ཚུལ་བཞིན་བསྟེན་ཚུལ་རྣམ་ཐར་ན་གསལ་ཡང་། སྐབས་དེ་དག་ཏུ་པཎ་ཆེན་སྨྲྀ་ཏི་འདས་ཚུལ་མི་གསལ་བ་དང་། ཡང་སེ་བཙུན་ལ་ཇོ་བོ་མཇལ་དུ་འགྲོ་བར་ཞུས་ཏེ། བྱང་ལམ་བརྒྱུད་ (སྤྱི་ལོ་༡༠༤༣ཡས་མས་སུ་) མངའ་རིས་སུ་བྱོན་ཚུལ་སོགས་ཀྱི་ལོ་ཚིགས་མང་པོ་ཞིག་ཡར་མར་གོང་ཞིབ་བསྒྲིགས་བྱས་ན། སྐབས་དེར་ད་དུང་པཎ་ཆེན་སྨྲྀ་ཏི་ཞལ་བཞུགས་པའི་དཔྱད་སྒོ་རྙེད་རྒྱུ་ཡོད་ལས་ཆེ་ཞིང་། སྐབས་དེར་སྨྲྀ་ཏི་ཞལ་བཞུགས་ན་གནས་གང་དུ་ཕྱག་ལས་གནང་བཞིན་བཞུགས་པ་སོགས་ལ་རྒྱུས་ལོན་བྱེད་ཡུལ་མེད་པ་ཞིག་གཞི་ནས་མ་རེད་སྙམ། དེས་ན་འུ་ཚོས་ད་དུང་རྒྱུ་ཆ་ཡང་འཚོལ་དང་དཔྱད་པ་ནན་ཞིབ་གཏོང་རྒྱུ་གལ་ཆེ་བ་མ་གཏོགས། ལོ་ངོ་སྟོང་ལ་ཉེ་བ་ཞིག་འདས་པའི་གནས་ཚུལ་ལ་འོལ་ཚོད་དང་ཡིད་འཇོག་གིས་ཐག་མི་ཆོད་འདུག་སྙམ་ནས། ལས་རིགས་འདི་ལ་བློ་ཁ་ཕྱོགས་མཁན་དག་ལ་གསལ་འདེབས་སུ། མེ་སྤྲེལ་ཟླ་༧པའི་ཚེས་༡༧ཉིན་བྱང་རྒྱུད་ཀྱི་ཤིང་གསེབ་ཅིག་ནས་པཎ་ཆེན་སྨྲྀ་ཏིའི་སྐུ་འདྲ་ཞིག་མཇལ་བས་རྐྱེན་བྱས་སྨིན་དབུས་ཨ་དཀར་པོས་བྲིས།