སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་འབྲེལ་གྱི་མཛད་སྒོ་ཞིག །



 

 

༢༠༡༦-༡༡-༦ ཉིན། བོད་ཀྱི་པྲ་སྒྲུང་པ་བེ་སྤྲུལ་ཚེ་སྒྲུབ་ལགས་ཀྱིས་གཉེར་བའི་མགོ་ལོག་གེ་སར་སྒྲུང་བའི་གཞིས་ཁྱིམ་ཟི་ལིང་ཡན་ལག་ས་ཚིགས་ལ། མཚོ་སྔོན་ཞིང་ཆེན་གེ་སར་བྱ་བའིམགོ་ཁྲིན་ཚན་ཆུང་གཞུང་ལས་ཁང་དང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གིས་མཚོ་སྔོན་ཞིང་ཆེན་གེ་སར་པྲ་སྒྲུང་རིག་གནས་བརྒྱུད་རབས་གནས་གཞིའི་བྱང་འགེལ་མཛད་སྒོ་བསྡུས། མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་གེ་སར་བྱ་བའི་མགོ་ཁྲིད་རྒན་གཞོན་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གཟུགས་འདས་རིག་ཚན་གྱི་དབུ་གཙོ་བང་པོ། མཚོ་སྔོན་དགེ་ཐོན་སློབ་གླིང་གི་དགེ་རྒན་དུང་མཚོ་སྒྲོལ་མ་སོགས་འབྲེལ་ཡོད་ལས་བྱེད་མི་སྣ་དང་། གཞན་ལས་གཉེར་བ་གཙོ་བོ་པྲ་སྒྲུང་བ་བེ་སྤྲུལ་ཚེ་སྒྲུབ་ཀྱི་གཙོས་ཞིབ་འཇུག་པ་དང་་སྒྲུང་བ་སྒྲུང་མ། ཨ་མདོ་བརྙན་འཕྲིན་ཁང་སོགས་བརྙན་ལེན་རུ་ཁག་དང་པར་ལེན་པ་སོགས་ཀྱིས་གྲུབ།

དང་པོ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་དབུ་གཙོ་དབང་དྲག་ལགས་ཀྱིས་མཛད་སྒོའི་དབུ་འཛིན་གཏམ་བཤད་དང་། སྒྲུང་བའི་གཞིས་ཁྱིམ་གྱི་གཙོ་འགན་པ་པྲ་སྒྲུང་བ་ཚེ་སྒྲུབ་སོགས་ཀྱིས་གཏམ་བཤད།

གཉིས་པ། དབུ་ཁྲིད་རྣམ་པས་མཚོ་སྔོན་ཞིང་ཆེན་གེ་སར་པྲ་སྒྲུང་རིག་གནས་བརྒྱུད་རབས་གནས་གཞི་དང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་འགེལ་བའི་ལས་ཀ་དངོས་སུ་མཛད།

གསུམ་པ། རྩེ་ཁོག་ནས་མཛད་སྒོ་དེར་དངོས་སུ་ཕེབས་པའི་སྒྲུང་མ་སྐལ་བཟང་སྐྱིད་དང་། རྟ་མགྲིན་ཚེ་རིང་གཉིས་ཀྱིས་མཛད་སྒོ་ལ་བཀྲ་ཤིས་བདེ་ལེགས་ཀྱི་ལེགས་སྐྱེས་སུ་སྒྲུང་གླུ་སྙན་པོ་དབྱངས་སུ་གྱེར་བར་ཚོགས་ཞུགས་ཡོངས་ཀྱིས་དགའ་བསུའི་ཐལ་སྒྲ་སོགས་ཀྱིས་མཇུག་ལེགས་པར་གྲུབ་བོ། །

 

ཀློག་གྲངས།:[1227]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com