སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

རྨ་མཐའ་མའི་གླིང་གེ་སར་གྱི་རྗེས་ཤུལ་རག་བསྡུས།

རྨ་མཐའ་མའི་གླིང་གེ་སར་གྱི་རྗེསཤུལ་རག་བསྡུས།

 

པྲ་སྒྲུང་པ་ཞིག་དང་གླིང་གེ་སར་གྱི་རྗེས་ཤུལ་འཚོལ་ཞིབ་ཚན་ཆུང་རྨ་མཐའ་མར་བསྐྱོད་པ་ཞེས་པའི་པར་དེབ་དང་དངོས་བྲིས་གློག་བརྙན། སྤྱི་ལོ་༢༠༡༧་ལོར་པར་བསྐྲུན་བྱེད་རྒྱུ་རེད། འདི་ནི་གླིང་གེ་སར་གྱི་ཤུལ་བཞག་རིག་གནས་ལ་དགའ་ཞེན་དང་དུང་བ་ཡོད་པའི་བོད་མི་ཡོངས། རྒྱལ་ཁབ་ཕྱི་ནང་ཀུན་གྱི་སྤུན་ཟླ་མི་རིག་གཞན་པའི་གེ་སར་རིག་གནས་ལ་རྒྱས་ལོན་བྱེད་འདོད་པ་རྣམ་ལ་དཔྱད་གཞིའི་རྒྱུ་ཆ་ཙམ་ཡིན་པ་དང་ནང་དོན་གཙོ་བོ་ཚན་པ་དྲུག་ལ་དབྱེ་ཡོད།

 

  

 

གཅིག གྲུབ་པའི་དབང་ཕྱུག་ཆེན་པོ་གེ་སར་སྐྱེ་བུ་དོན་འགྲུབ་ཁོང་དང་འཁོར་དཔའ་བརྟུལ་གྲུབ་ཆེན་བརྒྱད་ཅུའི་ངོ་མཚར་བའི་གྲུབ་པའི་རྟགས་མཚན་ས་རྡོ་རི་བྲག་ལ་བཞག་ནས་བོད་ཕྱི་རབ་པའི་དད་རྟེན་དུ་གྱུར་ཡོད་པའི་སྐོར།

གཉིས། གྲུབ་མཐའ་རས་མེད་ཀྱི་སྐྱེས་ཆེན་དམ་པ་དུ་མའི་དགོངས་གཏེར་དང་ཉམས་སྣང་ལས་གླིང་གེ་སར་གྱི་ཤུལ་རྗེས་ངོས་བཟུང་བའི་གནས་ཆེན་དུ་མ།

 

གསུམ། རིག་མི་འདྲ་བའི་གེ་སར་སྒྲུང་པ་རྣམས་ཀྱི་བཤད་པའི་སྒྲུང་གི་ནང་དུ་ལོ་རྒྱས་ཀྱི་ས་བོན་བྱས་ཆོག་པ་གཞིར་བཟུང་སྟེ། སྐབ་དེའི་ཧོར་གླིང་གཉིས་ཀྱི་དམག་འཁྲུག་གི་འགྲོས་དང་ད་ལྟའི་སའི་ཆགས་དབྱིབས་ལ་དཔྱད་ནས་རྗེས་ཤུལ་འཚོལ་ཞིབ་བྱས་པ།

 

བཞི། ལོ་ངོ་སྟོང་གཅིག་ནས་ད་བར་དུ་བོད་མི་རིག་ཀྱི་ངག་ནས་ངག་དུ་བརྒྱུད་དེ་མ་ཉམས་པའི་གླིང་གེ་སར་དང་འབྲེལ་བའི་སྒྲུང་གཏམ་ངོ་མཚར་ཅན་ཁག་གཅིག

 

ལྔ། གླིང་གེ་སར་ཞེས་རླབ་ཆེན་གྱི་མི་བུ་འཇོན་ཐང་ཅན་ཁོང་གི་སྐུ་གཟུག་དང་ཡོ་བྱད་རྣམས་རང་བྱུང་ཁམས་ཆེན་མོའི་ས་རྡོ་རི་བྲག་ལ་དྲ་བ་རྒྱུ་མཚན་གྱི་ཐོག་པ་དེ་རྣམས་ནི་ལོ་རྒྱས་ཀྱི་བདེན་དཔང་དུ་བཞག་ཆོག་པ།

 

དྲུག གླིང་གེ་སར་ཁོང་གི་ཕྱི་ནང་གསང་གསུམ་གྱི་མཛད་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསང་བ་ཟབ་མོ་དེ་སྣང་གསལ་པྲ་ཡི་མེ་ལོང་ལ་བརྟེན་ནས་གསང་བ་བརྟོལ་བ།

 

མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་རྟེན་གཞིའི་གཙོ་སྒྲུབ་མཛད་པ་དང་མགོ་ལོག་གེ་སར་སྒྲུང་བའི་ཁྱིམ་གཞིས་ཟི་ལིང་ཡན་ལག་ས་ཚུགས་གཉིས་ཀྱིས་བསྒྲུབས་པའི་རྨ་མཐའ་མའི་དངོས་བྲིས་གློག་བརྙན་དང་པར་དེབ་ཀྱིས་སྔོན་བརྡ་འདིས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་གླིང་གེ་སར་རིག་གནས་ཞིབ་འཇུག་ལ་དགའ་གུས་མོས་གསུམ་ཡོད་མཁན་ཚོའི་བློ་གྲོས་ཀྱི་མཁའ་དབྱིངས་ལ་སྔོན་མེད་ཀྱི་འདྲི་རྟགས་གསར་བ་ཞིག་དང་། བློ་ཐབས་གསར་བ་ཞིག་གི་སྒོ་ཡངས་པོར་འབྱེད་ཐུབ་པའི་སྨོན་འདུན་བཅས་། 

གླིང་གེ་སར་རིག་གནས་དྲ་བ།

 

 

 

 

ཀློག་གྲངས།:[2572]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com