
༈ སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་གིས་རབ་གནས་ཤིང་ལུག་སྟོན་ཟླ་ར་བའི་ཚེས་གཅིག་ཉིན་རྨེ་ཤོད་བཀྲ་ཤིས་དཔལ་ཐང་དུ་སྐྱ་སེར་ཁྲི་ཁྲག་ལ་ཉེ་བ་འདུས་པ་ལ་འགྲོ་དོན་འཕྲིན་ལས་དུས་བབ་ཀྱི་ལྷ་མཆོག་གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་སྲོག་དབང་གི་བཀའ་དྲིན་བསྐྱངས་གནང་སྐབས་བསྩལ་བའི་བཀའ་སློབ་ནི། ད་ནི་གེ་སར་གྱི་དབང་དེ་འདོན་རྒྱུ་ཡིན། དངོས་གནས་བྱས་ན་གེ་སར་གྱི་དབང་དེ་ང་ཚོས་༼དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ལས།༽ཚུར་ཞུ་དུས་དཔེ་གསང་བ་བྱས་ནས་ཞུས་རེད། གེ་སར་གྱི་སྲོག་གཏད་དང་གེ་སར་གྱི་དབང་དེ་མི་མང་པོ་ལ་བསྐུར་རྒྱུ་དེ་འདྲ་ཡོད་མ་རེད། ཡིན་ན་ཡང་ཉེ་ཆར་ང་རང་ཚོ་ལ་བཀའ་དྲིན་བླ་ན་མ་མཆིས་པའི་མཁན་པོ་འཇིགས་མེད་ཕུན་ཚོགས་རིན་པོ་ཆེས་འདི་འདྲ་ཞིག་ཞལ་ནས་གསུང་པ་རེད་ཟེར་གོ་བྱུང་། སྙིགས་མའི་དུས་ཚོད་འདི་ལ་རང་ཅག་ཁ་བ་རི་པའི་སྐྱབས་དང་མགོན་དང་དཔུང་གཉེན་མཆོག་ཏུ་གྱུར་པ་དེ་སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེ་རེད། གེ་སར་ཟེར་བ་དེ་གུ་རུ་རིན་པོ་ཆེ་དགྲ་བླའམ་དམག་དཔོན་གྱི་རྣམ་པར་བཞེངས་བཞག་པ་དེ་འདྲ་ཡིན་དུས་དབང་བསྐུར་བཞག་ན་འགྲིག་གི་འདུག་ཅེས་བཀའ་གནང་བ་རེད་ཟེར་གོ་བྱུང་། དེ་ཡིན་དུས་རང་རང་སོ་སོའི་མོས་པ་དང་འདུན་པ་དད་པ་དེ་འདྲ་བྱས་པ་ཡིན་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཟེར་བ་དེ། ཟམ་པ་དང་། གཟིངས་དང་། ཤིང་དང་། ཐ་ན་རླུང་གྲང་མོ་ཡན་ཆད། དེ་དང་དེ་ལ་སོགས་པ་འདི་དང་འདི་རེད་ཅེས་ཚད་བཟུང་རྒྱུ་མེད་པ་དེ་འདྲ་ཡིན་ས་རེད། དེ་ཡིན་དུས་གེ་སར་རྒྱལ་པོ་ཟེར་བ་དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་རེད། དེའི་ནང་ནས་ཀྱང་ངས་གོང་དུ་ཞུས་པ་ནང་བཞིན་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་རྣམ་འཕྲུལ་ཡིན་པར་བཤད་མ་དགོས་པ་རེད། འཛམ་བུའི་གླིང་གཞན་དག་ལ་ཞེ་དྲག་བཤད་རྒྱུ་མེད་པ་བོད་པའི་སྤྱི་ཚོགས་ནང་གི་བསམ་མནོ་གཏོང་སྟངས་དེ་ལ་ཀླུང་རྟ་ཟེར་བ་འདྲ་དང་། བླ་ཟེར་བ་འདྲ་དང་། དགྲ་བླ་ཟེར་བ་འདྲ་དེ་འདྲའི་བསམ་མནོ་གཏོང་སྟངས་ཤིག་ཀྱང་ཡོད་པ་རེད། དེ་དང་སྒོ་བསྟུན་ནས་ཀླུང་རྟ་དར་བ་དང་། ཚེ་དང་བསོད་ནམས་རྒྱས་པ། དགྲ་བླ་དང་། འགོ་བའི་ལྷ་དང་། སྐྱོབ་པའི་ལྷ་དེ་ཚོ་གཟེངས་བསྟོད་པ་དང་། དབུ་འཕང་བསྟོད་པ་དེ་འདྲའི་ཆེད་དུ་གེ་སར་བསྟེན། ཡང་གསང་སྔགས་ཟེར་བ་དེ་ཐབས་མཁས་པ་བསམ་གྱིས་མི་ཁྱབ་པ་དེ་འདྲ་ཡིན་དུས། དེ་དང་བསྟུན་ནས་ད་དུང་ཡང་བླ་མ་དང་ཡི་དམ་དབྱེར་མེད་པ་དགྲ་བླའི་ཚུལ་དུ་བླ་མ་ནང་བཞིན་བྱས་ནས་བསྟེན། ཆོས་སྐྱོང་ནང་བཞིན་བྱས་ནས་བསྟེན། མཁའ་འགྲོ་ནང་བཞིན་བྱས་ནས་བསྟེན། དེ་དང་དེ་འདྲ་བ་རང་རང་སོ་སོའི་དགྲ་བླའི་ཚུལ་དུ་བསྟེན་པ་སོགས་ཐབས་ཤེས་ཞེ་དྲག་མང་པོ་འདུག །ད་ལྟ་གོང་དུ་ཞུས་པ་ནང་བཞིན་ང་རང་ཚོ་བོད་གངས་ཅན་ལྗོངས་ལ་ཤིན་ཏུ་ནས་ཀྱང་བཀའ་དྲིན་ཆེ་བ་དེ་གུ་རུ་རིན་པོ་ཆེ་ཡིན་དུས། གེ་སར་རྒྱལ་པོ་ཟེར་མཁན་དེ་ཡང་གུ་རུ་རིན་པོ་ཆེ་ཁོང་རང་རང་ཡིན་དུས། ང་ཚོ་མཁྱེན་མཁན་མང་ཆེ་བ་དང་། རྣལ་འབྱོར་པ་ཉམས་ལེན་ཅན་དེ་འདྲ་ཡིན་ན་གེ་སར་དེ་གྲོགས་པོའི་ཚུལ་དང་། ཆོས་སྐྱོང་གི་ཚུལ་དུ་བསྟེན་ན་འགྲིག་གི་ཡོད་པ་རེད། ང་རང་ཚོ་མང་ཆེ་བས་བླ་མ་དང་ཡི་དམ་ལྟར་དུ་བསྟེན། གཙོ་བོ་དེ་ཁ་སང་ཁ་ཉིན་རྗེ་བཙུན་སྒྲོལ་མའི་དབང་སྐབས་སུ་བཤད་པ་ནང་བཞིན་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་དེ་རང་གི་དོན་དག་ལ་བསམ་བློ་གཏོང་དགོས། ཞོར་དུ་ཚེ་རིང་བ། ནད་མེད་པ། ལོངས་སྤྱོད་འཕེལ་བ། ཀླུང་རྟ་བསྐྱེད་པ་དེ་འདྲའི་དོན་དག་ལའང་བསམ་མནོ་བཏང་ནས་གེ་སར་རྒྱལ་པོ་ལ་གསོལ་བ་བཏབ་པ་དེ་འདྲ་བྱས་པ་ཡིན་ན། ང་རང་ཚོ་དཀྱུས་མ་ཐམས་ཅད་ལ་ཡང་ཏན་ཏན་ཕན་ཐོགས་ཀྱི་རེད་དྲན་ཀྱིན་འདུག །ཀླུང་རྟ་ཟེར་བ་དང་། དགྲ་བླ་ཟེར་བ་དེ་ཚོ་ཡང་དོན་དག་རྡོག་རྡོག་ང་རང་ཚོས་དུས་རྒྱུན་དུ་དཀོན་མཆོག་གསུམ་ལ་ཡིད་ཆེས་བྱེད་པ། ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་པ། ལྷ་དང་བླ་མ་ལ་ཡིད་ཆེས་བྱེད་པ། དེ་ཚོ་ཡོད་པ་ཡིན་ན་ཀླུང་རྟའི་རྩ་བ་འདྲ་པོ་དེ་ཚོ་ཡིན་དུས། དེ་ཚོ་མ་ཉམས་པའི་སྟེང་དུ་ཀླུང་རྟའི་ལྷ་གེ་སར་དགྲ་བླ་ལ་སོགས་པ་བསྟེན་པ་ཡིན་ན་ཧ་ཅང་ཡག་པོ་ཡིན་པ་འདྲ། དེ་མ་གཏོགས་ང་རང་ཚོ་ཁ་ཤས་ཀྱིས་གེ་སར་ཟེར་བ་དེ་སྒྲུང་གི་ལྷ་གཅིག་རེད་བསམ་པ་དེ་འདྲ་ཡིན་ན། དེ་དང་བསྟུན་པའི་དངོས་གྲུབ་ཕྲན་བུ་དེ་འདྲ་ཐོབ་ཀྱིན་ཡོད་ན་མེད་ན་དེ་འདྲ་ཞིག་རེད། དེ་ཡིན་དུས་རང་རང་སོ་སོའི་བསམ་མནོ་གཏོང་སྟངས་དེ་གལ་ཆེན་པོ་ཞེ་དྲག་རེད། འོ་དེ་ལབ་རྒྱུ་ཡིན། ཞེས་གསུངས་ནས་སེང་ཆེན་ནོར་བུ་དགྲ་འདུལ་གྱི་སྲོག་དབང་དངོས་ལ་འཇུག་པར་མཛད་པ་དང་། སྐབས་དེར་རིན་པོ་ཆེ་མཆོག་ཐོག་མར་བཀྲ་ཤིས་དཔལ་ཐང་དུ་ཕེབས་དུས་རྟ་མཆོག་རིན་ཆེན་རྒྱན་ཆས་སྤྲས་པ་ཆིབས་ནས་ཕེབས་པ་དང་། དེ་ནས་དབང་གི་དངོས་གཞིའི་སྐབས་དེར་རིན་པོ་ཆེ་ཉིད་ཀྱིས་འབུ་རས་སེར་པོའི་མནབས་གཟན་ཞིག་སྐུ་ལ་གསོལ་བས་མཚོན་བླ་སྤྲུལ་མཁན་གསུམ་གཙོས་པའི་སྐྱ་སེར་ཁྲོམ་ཚོགས་རྒྱ་མཚོ་ཆེན་པོ་འཁྱིལ་བ་ལྟ་བུས་ན་བཟའ་གོས་རྒྱན་གཟབ་འཆོར་སྤྲས་པ་དང་། རིན་པོ་ཆེས་གེ་སར་དབང་སྒྲུབ་མཛད་དུས་དེར་རྫོང་སར་ཁམས་བྱེའི་མཁན་རིན་པོ་ཆེ་ཕུན་ཚོགས་རྣམ་རྒྱལ་གྱིས་དབུ་མཛད་གནང་ནས་བླ་སྤྲུལ་དགེ་འདུན་རྣམས་ཀྱིས་སེང་ཆེན་གེ་སར་ནོར་བུའི་གསོལ་མཆོད་འཕྲིན་ལས་ལྷུན་གྲུབ་བམ་འཇིགས་རུང་སྲིན་པོའི་གྲོང་ཁྱེར་ཚར་གྲངས་མང་བ་དང་བོད་ཡུལ་བདེ་བའི་སྨོན་ལམ་སོགས་གསུང་མཛད་པ་དང་། སྐབས་དེར་ལྷ་བསང་དཀར་པོ་དགུང་ལ་འཕྱུར་བ་ཞིག་བཏང་ནས་བདུད་རྩི་དཔའ་སྐྱེམས་ཕུད་ཀྱི་མཆོད་པ་རྒྱ་ཆེར་ཕུལ་བ་དང་། གནའ་བོའི་ཡུལ་སྲོལ་ལྟར་སྐྱེས་པ་རྐྱ་མི་ཤིན་ཏུ་མང་བས་མི་རྟ་ཆས་གོས་བཟང་པོས་བཀླུབས་ནས་མདུང་དར་དཀར་པོ་རེ་ཐོགས་ཏེ་ཀི་བསྭོ་ལྷ་རྒྱལ་དང་བཅས་རྟ་རྒྱུག་བསང་སྐོར་དང་། ཀླུང་རྟ་མཆོད་པ་སོགས་དགྲ་བླ་ཝེར་མ་རྒྱ་མཚོ་མཉེས་པའི་ཐབས་ལ་བརྩོན་པར་མཛད་དོ། ། ཞེས་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ཟིན་ཐོ་ཡི་གེར་བཏབ་པ་དགེའོ། །
གླིང་གེ་སར་འཕྲིན་ཚོགས་ཀྱི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་སྐོར།