ཨ་སྟག་ལྷ་མོ།
བྱང་ཡུལ་བདུད་ཀྱི་ཕ་མཁར་མཐོན་པོ་ན་རོ་དགུ་ཅོག་ཉེ་འགྲམ་དུ།།
ཉི་འོད་འཇག་མའི་དྲོད་གཤེར་ལས་འཁྲུངས་མོ་མཛེས་གཟུགས་ལ་དཔའ་བོའི་སྟོབས།།
ལྕགས་མདའ་ལྕགས་གཞུ་ཤེད་ཀྱིས་འཕངས་ཚེ་རུ་དམར་འབྲོང་ཁྱུ་ཁྲག་ལ་བསྲེས།།
བདུད་རྗེ་ཀླུ་བཙན་དཔའ་ཡ་དཔུང་རོགས་ཡར་ཁམས་བྱང་ལ་འབྲུག་ལྟར་གྲགས།།
དཀར་དམར་བཞིན་རས་པདྨའི་གདོང་ལ་གཏུམ་རྔམ་འཁྲོས་པའི་གཉེར་མ་མདུད།།
དྲུག་དཀར་གཡུ་ཡི་སྐྲ་རྒྱན་སྟེང་དུ་ལྕགས་རྨོག་དར་ཕྲུ་མུན་པ་འཐིབས།།
ཚིགས་གསུམ་སྨྱུག་མའི་སྐུ་ལུས་ལྡེམ་ཡག་འགྱིང་ཆེན་འབྲོང་མོའི་གོམ་སྟབས་སྤོ།།
དཀར་ཟླུམ་བྲང་གི་ནུ་འབུར་ཆ་གཅིག་ལྕགས་ཁྲབ་མེ་ལུང་གོ་ཆས་གཡོགས།།
གཉེན་ལྕུག་ལག་ཟུང་གསེར་གདུབ་དང་བཅས་མདའ་གྲི་མདུང་གི་རྩལ་ལ་མཁས།།
ཕྲ་ལྡེམ་སྐེད་པའི་དུང་ཆབ་སྟེང་ལ་འཁོར་གསུམ་དུག་གི་ཚེར་མ་རྔམ།།
མི་མགོའི་སྒ་ཆས་མི་ལྤགས་རྟ་ཟབ་ཞེ་སྡང་སྦྲུལ་གྱི་གོང་སྨེད་སྤྲས།།
རག་པ་སྟག་ལག་རྒྱུགས་མ་འདུར་ལ་ཐང་དཀར་རྒོད་ཀྱི་བང་རྩལ་རྫོགས། །
ཤི་བསད་སྡིག་པའི་འཁོར་ལོ་སྐོར་མཁན་རི་ཤིའི་བུ་མོ་གདོང་དམར་ཞེས།།
གསོན་པོའི་མི་གཅིག་བདུད་ཡུལ་མི་མངག་མུན་པ་ཆུ་འཁྲིགས་སྒོ་སྲུང་། །
སེང་ཆེན་དཔའ་བོའི་གྲོགས་སུ་ཕེབས་ནས་བདུད་ཡུལ་སྐྱོད་པའི་མཐུན་རྐྱེན་གནང་།།
བྱང་བདུད་ཀླད་ཁྲག་མདའ་ཡིས་གཏོར་རྗེས་བདུད་སྡེ་བཅོ་བརྒྱད་དཔོན་ཐོབ་བཞེས།།
ཧོར་འདུལ་དཔའ་བོའི་རྒྱལ་རྔ་རྡུང་དུས་འབྲོང་ནག་ཤུགས་ཆེན་མདའ་ལ་དྲངས་།།
འཇང་ཡུལ་ཚྭ་མཚོའི་རྩོད་གླེང་གཡུལ་ལ་དུག་མིའི་གཅེས་སྲོག་རྦད་ཀྱིས་བཅད།།
ལྷོ་རོང་འབྲས་དཀར་བང་མཛོད་འཕྲོགས་དུས་ཀླུ་བདུད་མགོ་ལུས་གས་གཉིས་བྱས།།
ཁ་ཆེའི་ལས་དམག་གླིང་ལ་ཕབ་དུས་གཡུ་རྒོད་ཚངས་པའི་སྙིང་ཁྲག་འཐུང་།།
ཨ་དྲག་རྫ་ལམ་དཔུང་གིས་གཏོར་དུས་སྒོང་ངའི་བུ་རྟ་མཚར་བསོད་བྱས།།
བྱེ་རིའི་བྱུར་དམར་རྒྱན་ལ་ལེན་དུས་འབྲོང་སྲས་འོད་དཀར་མདའ་ཡིས་བསད།།
གྲུ་གུའི་གོ་མཚོན་གཏེར་ཁ་འཕྲོག་ཉིན་བླ་གནས་དོམ་ནག་མིང་མེད་བྱས།།
མི་ནུབ་དུག་མཚོ་ཁ་རུ་ལུད་དུས་སྐྱེ་ཡག་དུང་སེང་མིད་ཅེས་གྲགས།།
མོ་མཛེས་བཞིན་ལ་ལྷ་མི་འཁོར་བ་ཐང་ལྷའི་བརྫུས་བུ་མི་ཡུལ་བལྟམས།།
བཅོ་བརྒྱད་རྫོང་གི་གཏེར་གཡང་ཕབ་དུས་སྐྱེས་མཆོག་དགྱེས་ཕྱིར་དཔུང་སྣ་ཁྲིད།།
ལས་འབྲས་གསལ་བའི་མེ་ལོང་སྟོན་ཕྱིར་ངན་སོང་གསུམ་གྱི་སྡུག་བསྔལ་བཞེས།།
ཚེ་འདས་བྱེ་བའི་ལམ་སྣ་དྲངས་ནས་བདུད་འདུལ་དྲག་མོའི་ཐུགས་ཀར་འཕོས།།
ཨ་མཚར་གཏམ་གྱི་ཚིག་གི་སྐུད་པ་དལ་གྱིས་འཁེལ་བའི་དཔྱིད་ཉི་ལ།།
ཨ་སྟག་རང་བཞིན་གཡུ་ཆུང་དྲུག་དཀར་གཅིག་ཏུ་བརྒྱུས་པའི་ཕྲེང་བ་ཞིག།།
དེ་རིང་ཉེར་ལྔའི་ཚོགས་མཆོད་དོད་དུ་མཁའ་འགྲོ་དགྱེས་པའི་སྒྲུང་གླུ་ཙམ།།
ཨ་མདོ་ཙོང་ཆུའི་གྲུ་ཁ་ཉུལ་བའི་བྱང་འཁྱམས་སྨྱོན་པས་གང་འདོད་བྲིས།།
བྱང་འཁྱམས་པོས།