༈ གེ་སར་ཞལ་གཟིགས་དུས་ཀྱི་བདུད་འདུལ་གེ་སར་བསང་མཆོད།
རྒྱལ་དབང་པདྨཱ་ཀ་རའི་རྒྱལ་ཚབ་ཟབ་གསང་བསྟན་པ་རྒྱ་མཚོའི་མངའ་བདག་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་བདུད་འདུལ་རྡོ་རྗེ་༼༡༦༡༥།༡༦༧༢༽དགུང་གྲངས་ང་བཞི་བཞེས་པ་རབ་བྱུང་བཅུ་གཅིག་པའི་ས་སྤྲེལ་ཧོར་ཟླ་དྲུག་པའི་ཡར་ཚེས་བཅུའི་ཉིན་མདོ་སྨད་ལུགས་བརྒྱའི་འདུན་ས་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་ཕོ་བྲང་ཆེན་པོར་བཞུགས་སྐབས་སྡེ་དགེ་གཡུ་འབྲུག་སྒང་ནས་གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོས་ཞལ་མངོན་སུམ་དུ་གཟིགས་ཤིང་། དེའི་ཚེ་ན་གླིང་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་གྱི་བསང་མཆོད་རྒྱས་པ་ཞིག་མཛད་པའི་མཇུག་བྱང་དུ། འདིའི་དགོས་ཆེད་ནི་སྐྱེས་བུ་བོད་ཆོས་ལྡན་ཡོངས་ཀྱི་དགྲ་བླ་ཡིན་པས། བོད་ཀྱིས་མ་མཆོད་པས་བསོད་ནམས་ཆུང་བ་དང་། སྡེ་རིས་མངའ་ཐང་ཞན་པ། རང་མགོ་མི་འོག་ཏུ་ཤོར་བ་བྱུང་ཞིང་། ནག་པོ་རྒྱ་ཡིས་མཆོད་པས་བསོད་ནམས་མངའ་ཐང་འདོད་དགུ་དབང་དུ་འདུ་བ་དང་། མི་ནོར་ཟས་གསུམ་འཕེལ་བ། ཐུགས་རྗེ་དབུ་འཕང་ནམ་མཁའ་ལྟར་མཐོ་བ། སྐད་རིགས་མི་གཅིག་པའི་སྡེ་ཁག་བརྒྱ་ཕྲག་མང་པོ་མངའ་ཞབས་སུ་འདུ་འོང་བ་སྐྱེས་བུ་མཆོད་པའི་ཐུགས་རྗེས་ཡིན་ཞིང་། ལོ་ལ་སད་དང་སེར་བ་འོང་བ། བྱེས་ལམ་ནས་བསམ་དོན་མི་འགྲུབ་པའི་དགྲ་ཇག་ཆོམ་རྐུན་འབྱུང་བ་དང་། ཁྱད་པར་སྲིའུ་མི་སོས་ནས་མི་རྒྱུད་ཕྲ་བ་དང་། ཆུ་དང་ལམ་འཕྲང་དུ་མི་ནོར་སོགས་ལ་གནོད་པ་འོང་བ་ནི་གེ་སར་མ་མཆོད་པས་ལན་པ་ཡིན། འཕྲལ་ཕུག་གང་ལའང་འདི་ལས་གལ་ཆེ་བ་མེད་པས། འདིའི་བསང་མཆོད་ལ་བརྟེན་ན་མི་དར་རྟ་ཕྱུགས་འཕེལ་ཞིང་དངོས་གྲུབ་འོང་། སྔོན་གེ་སར་རྒྱལ་པོས་ཧོར་བདུད་ཆམ་ལ་ཕབ། རྒྱ་རྗེ་དབང་དུ་བསྡུས། རྒྱ་ཟོག་བོད་ལ་དྲངས། དགོས་འདོད་གཏེར་སྒོ་ཕྱེས། བསྟན་པ་དགུང་དང་མཉམ་སྟེ། རྟེན་འབྲེལ་ལ་གནད་ཤིན་ཏུ་ཆེ་བ་ཡིན་པས་ཀུན་གྱིས་འདི་ལ་བརྩོན་པར་བྱའོ། །ཞེས་གླིང་རྗེ་གེ་སར་གྱིས་ཞལ་གཟིགས་པའི་ཚེ་དངུལ་མདའ་སྡེ་དགེའི་ཕོ་བྲང་དུ་ས་སྤྲེལ་ལོ་ཟླ་བ་དྲུག་པའི་ཚེས་བཅུ་ལ་རིག་འཛིན་བདུད་འདུལ་རྡོ་རྗེས་མཛད་པའོ། །ཞེས་དང་། ཡང་སྐབས་དེར་འཛམ་གླིང་སྐྱེས་བུ་དོན་འགྲུབ་རྒྱལ་པོའི་བསང་མཆོད་བསྡུས་པ་བི་ཛ་ཧ་རཾ་བྱ་བ་མཛད་པའི་མཇུག་བྱང་དུ། སྡེ་དགེ་གཡུ་འབྲུག་སྒང་ནས་གླིང་རྗེ་གེ་སར་གྱིས་ཞལ་གཟིགས་པའི་ཚེ་རིག་འཛིན་བདུད་འདུལ་རྡོ་རྗེས་མཛད་པའོ་ཞེས་གསལ་ལོ། །
འདི་ནི་རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱི་གེ་སར་སྐོར་གྱི་གསུང་རྩོམ་ལས་བཤུས་སོ། །