སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་ཞིག་བླ་མའི་སྐྱེ་བ་དང་གེ་སར་གྱི་ལུང་བསྟན་བྱུང་ཚུལ།


གླིང་ཞིག་བླ་མའི་སྐྱེ་བ་དང་གེ་སར་གྱི་

ལུང་བསྟན་བྱུང་ཚུལ།

རབ་བརྟན་དགེ་ལེགས་ཕུན་ཚོགས།

༈ རྫ་འབུམ་སྨད་དགོན་བཀྲ་ཤིས་མི་གཡོ་བསམ་གཏན་གླིང་གི་གླིང་ཞིག་བླ་རབས་བཅུ་གཅིག་པ་རྒྱལ་སྲས་འཇམ་དཔལ་དཔའ་བོའི་རྣམ་སྤྲུལ་དུ་ཡོངས་སུ་གྲགས་པའི་འཇམ་དཔལ་མཐོང་མཆོག་དབང་པོའམ་འདས་ལོག་པ་ཚེ་དབང་གཡུང་དྲུང་ནི། གླིང་དཀར་རུས་ལ་འཇམ་དཔལ་བཞད་པའི་མིང་༔ ཆུ་བྱི་ལོ་པ་ཐུགས་ཀར་དྷཱིཿཡིག་ཅན༔ དུས་བབས་འཕྲིན་ལས་ལྔ་སྙིགས་རྒུད་པ་སེལ༔ ཞེས་པའི་ལུང་གིས་བསྔགས་པ་བཞིན་གླིང་དཀར་ཆོས་རྒྱལ་ཆེན་པོའི་མངའ་རིས་ཤར་ཟླའི་རྫ་ཀླུང་རིང་མོ་དལ་གྱིས་གཞོལ་བའི་འགྲམ་ངོགས་ན་གནས་པའི་ཞིག་ཆེན་བཅོ་བརྒྱད་ཀྱི་ནང་ཚན། གླིང་གྲགས་ཞིག་པོའི་གདུང་ལས་ཆད་པའི་གླིང་ཞིག་ཚང་ཞེས་གྲགས་པའི་གླིང་དཀར་ལྷའི་རུས་རྒྱུད་གཅིག་ཏུ་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་༡༩༡༢ལོར་མཚན་དཔེའི་པདྨོ་མངོན་སུམ་དུ་བཞད་པར་གྱུར། གླིང་རྗེ་གེ་སར་གྱི་དུས་སུ་ཡང་ཐུལ་དམ་པའི་མི་བདུན་ལས་སྟག་རོང་ཉ་ཚ་ཨ་བརྟན་གྱི་སྐྱེ་བ་བཞེས་ཚུལ། ཁོང་རྨ་ཡུལ་དུ་ཕེབས་སྐབས་བག་ཆགས་སད་པའི་རྐྱེན་གྱིས་གསལ་བར་དྲན་པ་བྱུང་བ་སྟེ། གླིང་སྤྲུལ་ཚེ་དབང་གཡུང་དྲུང་ངམ་འཇམ་དཔལ་མཐོང་མཆོག་དབང་པོ་ངོ་སྤྲོད་པའི་ལོ་རྒྱུས་མདོར་བསྡུས་ལས། དགུང་གྲངས་ཉེར་དྲུག་མེ་གླང་༡༩༣༧ ལོར་རྨ་ཡུལ་གནས་གཏེར་གྱི་འགྲོ་དོན་ལ་མཁའ་འགྲོའི་ལུང་གིས་བསྐུལ་བཞིན་ཆིབས་བསྐྱོད་གནང་བས། སྔར་ཧོར་གླིང་འཁྲུགས་པའི་གཡུལ་སའི་ཉེ་ཕྱོགས་ལ་ཕེབས་མཚམས་གློ་བུར་དུ་སྔོན་གནས་རྗེས་སུ་དྲན་པས། ང་ཉ་ཚ་ཨ་བརྟན་ཡིན་དུས་ཧོར་ལ་རྟ་ཇག་སོང་བས་ཤང་ལང་༼གྲི་རིང་།༽གི་ཕྲ་འདིར་བུད་སོང་གསུངས་ཏེ་བསྩལ་བས་གཡུ་ཕོར་ཁ་ཙམ་ཞིག་རྙེད་པར་གྲགས། ཤར་གྱི་རྨ་རྒྱལ་སྤོམ་རའི་གནས་གཏེར་གྱི་འགྲོ་དོན་གྲུབ་ཚེ་ཚོགས་འཁོར་ཞིག་ཕུལ་བའི་ཐོ་རེངས་སུ་ཡེ་ཤེས་ཀྱི་མཁའ་འགྲོའི་བརྡ་ཡིས་བསྐུལ་ཏེ་ཐུགས་སྒྲུབ་རྣམ་མཁྱེན་ལམ་བཟང་ལེའུ་ཉི་ཤུ་རྩ་གཅིག་དགོངས་གཏེར་གྱི་ཚུལ་དུ་སྤེལ། གཞན་ཡང་རྨ་རྒྱལ་སྤོམ་རའི་དཀར་ཆག་དང་། སྤོམ་རའི་བསང་མཆོད། གེ་སར་མཆོད་བསྡུས་དོན་འགྲུབ་ཝེར་མ་དགྱེས་པའི་གླུ་དབྱངས་སོགས་ཕྱག་བྲིས་གནང་། །ཞེས་གསལ། ཡང་གླིང་ཞིག་བླ་མ་དེ་ཉིད་དགུང་གྲངས་ཉེར་བདུན་བཞེས་པ་རབ་བྱུང་བཅུ་དྲུག་པའི་ས་སྟག་༡༩༣༨ལོའི་ཧོར་ཟླ་བཅུ་པའི་ཡར་ཚེས་ལ་གླིང་རྗེ་གེ་སར་སྐྱེས་བུའི་འཁྲུངས་ཡུལ་ས་སྐྱིད་སོས་ཡག་གི་ཁ་མདོའི་གེ་སར་ལྷ་ཁང་དུ་བྱོན་ནས་བསྟན་འགྲོའི་དོན་དུ་གླིང་རྗེ་གེ་སར་སྐྱེས་བུ་འཁོར་ཚོགས་དང་བཅས་པ་ལ་གསོལ་བ་དྲག་ཏུ་བཏབ་སྟེ། ཚོགས་བསྐང་དང་དགྲ་ལྷ་ཝེར་མའི་གསོལ་མཆོད་གླིང་རྗེ་གེ་སར་དཔའ་བརྟུལ་དྭངས་སྨན་དང་བཅས་པའི་སྐུ་བརྙན་ལ་སྙན་ཤལ་གྱི་ལྷ་རྫས་བཟང་པོ་བཏབ་པ་བཅས་མཛད་པས། འཛམ་གླིང་སེང་ཆེན་རྒྱལ་པོས་མངགས་པའི་བང་ཆེན་ཡིན་ཟེར་བའི་མི་ཐང་ཧོར་གྱི་མི་རིགས་ཀྱི་ཆས་བྱས་པ་གསུམ་བྱུང་བས་འབྱུང་འགྱུར་གྱི་ལུང་བསྟན་གསལ་བར་གནང་བའང་། སྔར་དྲངས་པའི་ངོ་སྤྲོད་པའི་ལོ་རྒྱུས་མདོར་བསྡུས་ལས། འདི་སྐབས་ཤིག་ལ་རྫ་སྟོད་གེ་སར་ལྷ་ཁང་ནང་ཚོགས་གསོལ་དང་། སྙན་ཤལ་ཕུལ་ནས་བསྟན་པའི་འཕེལ་འགྲིབ་དང་འགྲོ་བའི་བདེ་སྡུག་སོགས་ལ་གསོལ་བ་དྲག་པོ་བཏབ་པའི་ནུབ་མོར་སེང་ཆེན་རྒྱལ་པོའི་བང་ཆེན་ཡིན་ཟེར་བའི་མི་ཐང་ཧོར་ཆས་བྱས་པ་གསུམ་གྱིས་དུས་འགྱུར་གྱི་ལུང་བསྟན་གསལ་བར་གནང་། ཞེས་གསུངས་ཤིང་། དེའི་ཚུལ་རྒྱས་པར་གླིང་ཞིག་བླ་མ་ཁོང་རང་གིས་ཡི་གེར་བཀོད་མཛད་པའི་དུས་ཀྱི་འབྱུང་བའི་ཁུག་སོ་ལ་དུས་རྟགས་ལེགས་ཉེས་འབྱུང་འགྱུར་ཞེས་པ་ལས། ས་སྟག་༡༩༣༨ཟླ་བ་བཅུ་པའི་ཚེས་བཟང་པོར་མདོ་ཁམས་ས་ཡི་ཐིག་ལེ་སྐྱིད་སོས་ཡག་གི་ཁ་མདོར༔ འཛམ་གླིང་སེང་ཆེན་རྒྱལ་པོའི་སྐུ་བརྙན་གྱི་མདུན་དུ་སྙན་ཤལ་དང་ཚོགས་གསོལ་ཕུལ་ནས༔ གདུང་ཤུགས་སྙིང་ནས་ཕྱུང་བའི་འོ་དོད་ཀྱིས་ཀུན་ཀྱི་འཕོ་འགྱུར༔ བསྟན་པའི་འཕེལ་འགྲིབ་འགྲོ་བའི་བདེ་སྡུག་སོགས་ལ་གསོལ་བ་དྲག་པོ་བཏབ་བཞིན༔ དེའི་ནུབ་མོར་རྫ་སྟོད་རིན་ཆེན་འབར་བའི་ལྷ་ཞོལ་དུ༔ སྐལ་བཟང་ཨ་ཡིག་གི་མཚན་ཅན་དང་ལྷན་ཅིག་མཇལ་བའི་རྨི་ལམ་ན༔ བདག་གི་མདུན་དུ་ཐག་རིང་བང་ཆེན་ལྟ་བུའི་མི་ཐང་ཧོར་ཆས་བྱས་པ་གསུམ་ཤད་ཀྱིས་བྱུང་ནས་ཤིན་ཏུ་རིང་བའི་ཚུལ་གྱིས་འདི་སྐད་དོ༔ ཞེས་སོགས་འབྱུང་ཞིང་། དེང་དུས་སུའང་གླིང་ཞིག་བླ་མའི་ལུང་བསྟན་ཟེར་ནས་ཁམས་ཁུལ་ཀུན་ཏུ་གྲགས་གཡེར་ཆེན་པོ་ཡོད་དོ། ། ཅེས་སྨིན་དབུས་ཨ་དཀར་མིང་གི་ངོར་རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་བྲིས་པ་དགེ།

འདི་ཡང་རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱི་གེ་སར་སྐོར་གྱི་གསུང་རྩོམ་ལས་བཤུས་སོ། །

 

 

ཀློག་གྲངས།:[678]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com