སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གཏེར་ཆེན་ལས་རབ་གླིང་བའི་དག་སྣང་གེ་སར་སྐོར་གསལ་བཤད།

གཏེར་ཆེན་ལས་རབ་གླིང་པའི་

དག་སྣང་གེ་སར་ངོ་སྤྲོད།

རབ་བརྟན་དགེ་ལེགས་ཕུན་ཚོགས།

༈ རྒྱལ་དབང་ཨོ་རྒྱན་པདྨའི་ཐུགས་སྤྲུལ་སྔོན་བྱོན་མཆོག་སྤྲུལ་རྣམ་གསུམ་དང་འགྲན་བཟོད་ཅིང་གཏེར་སྟོན་བྱེ་བའི་དབུས་ན་མངོན་པར་མཐོ་བའི་ཟབ་གཏེར་རྒྱ་མཚོའི་མཛོད་འཛིན་སྤྲུལ་པའི་གཏེར་སྟོན་ཆེན་པོ་ལས་རབ་གླིང་པ་འཕྲིན་ལས་མཐའ་ཡས་རྩལ་ལམ། མདོ་ཁམས་ཉག་རོང་དུ་སྐུ་ཡི་སྐྱེ་བ་བཞེས་པས་ཡོངས་གྲགས་ལ་ཉག་བླ་བསོད་ནམས་རྒྱལ་མཚན་དུ་འབོད་པ་དགུང་གྲངས་སུམ་ཅུ་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཤིང་བྱ་༡༨༨༥ལོའི་ཟླ་བ་བཞི་པའི་ཡར་ཚེས་བཅུ་གསུམ་ནུབ་མོར་ཟླ་འོད་གསལ་བའི་སྐབས་དག་སྣང་དུ་བྱུང་ནས་ཚེས་བཅོ་ལྔ་ས་ག་ཟླ་བའི་དུས་ཆེན་ཉིན་ཡི་གེར་བཀོད་པར་མཛད་པའི་དག་སྣང་གེ་སར་ཟླ་ཞལ་མ་ཞེས་པ་ནི། སྐྱེས་བུ་གེ་སར་གྱི་དགོངས་ཏིག་ཟླ་ཞལ་མ་བྱ་བའི་གཞུང་ལས། ཤིང་མོ་བྱ་ལོར་ས་ག་ཟླ་བའི་ཚེས་བཅུ་གསུམ་གྱི་དགོང་མོར་ཟླ་འོད་གསལ་བའི་ཚེ་ཤར་ཕྱོགས་ནས་ཟླ་བ་གཉིས་པ་ཞིག་ང་ཡི་མདུན་ཐད་ཀྱི་ནམ་མཁར་གྲུ་གང་གི་མཚམས་ཙམ་དུ་བྱུང་བ་དེའི་ནང་དུ་བུ་ཆུང་དཀར་འཚེར་ཡིད་དུ་འོང་བ་ཞིག་འདུག །འདི་ཅི་ཡིན་སྙམ་པའི་ཚེ་འདི་སྐད་ཟེར་རོ། །ཀྱེ། སྐྱེས་བུ་སྐལ་ལྡན་ཚུར་ཉོན་ཅིག །ང་ནི་གླིང་རྗེ་གེ་སར་ཡིན། །སྐྱེས་བུ་ང་ཡི་རང་བཞིན་གང་། །མཐོང་ཐོས་རྟོག་པ་རྣམ་པར་སྤངས། །ཡུལ་མེད་རྒྱུ་དང་རྐྱེན་ལས་འདས། །རང་བྱུང་སེང་ཆེན་ཨེ་མ་ཧོ། །མེད་བཞིན་རང་གསལ་སྣང་བ་ནི། །ཆུ་ཟླ་བཞིན་ཏེ་ང་ཡི་སྐུ། །སྟོང་པ་ཉིད་ལས་གང་གྲགས་པ། །བྲག་ཆ་བཞིན་ཏེ་ང་ཡི་གསུང་། །བྱེ་བ་ཕྲག་བརྒྱའི་འཇིག་རྟེན་དུ། །སྤྲུལ་པའི་གཟུགས་ཀྱིས་ཁྱབ་ཅིང་འདུལ། །ཇི་སྙེད་སྐུ་ཡིས་ཁྱབ་པ་བཞིན། །སྣ་ཚོགས་སྒྲས་ཀྱང་དོན་བྱེད་ཁྱབ། །རྟོག་བྲལ་བསམ་མེད་རང་གསལ་བ། །དེ་ལས་འདས་པའི་ཡེ་ཤེས་ཆེ། །དེ་བཞིན་ཁྱབ་བདག་ཀུན་བྱེད་རྒྱལ། །ང་ཡི་ཐུགས་ཏེ་འཕོ་འགྱུར་མེད། །ཡུལ་མེད་ཆོས་དབྱིངས་ཞེས་ཀྱང་སྟོང་། །རྒྱུ་མེད་མ་སྐྱེས་ལྷུན་འགྲུབ་ཆེ། །རྐྱེན་མེད་གསལ་བའི་ཆོས་ལས་འདས། །ང་ནི་ཐོག་མའི་སྐྱེས་བུ་སྟེ། །སྐྱེས་བུ་ང་ལ་ཐོག་མ་མེད། །དེ་བཞིན་བར་དག་ཐ་མ་མེད། །མེད་བཞིན་སྣ་ཚོགས་སྣང་ཞིང་སྟོན། །ཅི་སྣང་སྣ་ཚོགས་ཆོ་འཕྲུལ་ཀུན། །རང་བྱུང་ཡིན་ཏེ་ངོ་མཚར་ཆེ། །ངོ་མཚར་ལྡན་པའི་སེང་ཆེན་ནི། །བླ་མ་རྣམས་དང་དགོངས་པ་གཅིག །བྱིན་རླབས་འདོད་ན་ང་ཉིད་བསྒོམ། །གསོལ་བ་ཐོབ་དང་རྗེས་སུ་འཛིན། །ཡི་དམ་རྣམས་དང་དགོངས་པ་གཅིག །བསྙེན་སྒྲུབ་ཅན་ལ་གྲུབ་གཉིས་སྦྱིན། །འོན་ཀྱང་འདིའི་དོན་ཁྱོད་ལ་མིན། །ཆོས་སྐྱོང་རྣམས་དང་དགོངས་པ་གཅིག །ཞི་རྒྱས་དབང་དང་དྲག་པོའི་ལས། །སྒྲུབ་འདོད་རྣམས་ཀྱི་དོན་བྱའི་ཕྱིར། །འཕྲིན་ལས་ཟབ་མོ་ཁྱོད་ལ་གཏད། །འདི་ནས་སེང་ཆེན་རྒྱལ་པོ་མངོན་རྟོགས་དང་མཚུངས་པའི་སྐུར་གྱུར། ཨེ་མ་སྐྱེས་བུ་དགྲ་བླ་ང་། །ཆོས་སྐྱོང་ལྟར་དུ་སྒྲུབ་འདོད་ན། །ཞེས་སོགས་ནས། འཕྲིན་ལས་གསོལ་མཆོད་ལག་ལེན་རྣམས། །རིམ་པ་བཞིན་དུ་ཁྱོད་ལ་གཏད། །རྟེན་འབྲེལ་སྣོད་ཁ་མ་ལོག་ན། །སྙིགས་དུས་བསྐལ་པའི་ཐ་མ་འདིར། །མོས་པའི་གདུལ་བྱ་འགའ་ཞིག་གི། །དོན་དུ་འགྱུར་གྱི་གཞན་དུ་མིན། །དེ་བས་སྤེལ་དང་གསང་ཤེས་གཅེས། །ཞེས་གསུངས་ནས་མི་སྣང་བར་གྱུར། སྔགས་འཆང་ལས་རབ་གླིང་པས་ཤིང་བྱ་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་དབེན་པའི་བྲག་སྐྱིབས་སུ་བྲིས་པའོ། །ཞེས་གསུངས་སོ། །ཡང་ལས་རབ་གླིང་པའི་དག་སྣང་ལས་བྱུང་བའི་གླིང་རྗེ་གེ་སར་སྐྱེས་བུའི་ཟབ་སྒྲུབ་དགྲ་ལས་རྣམ་རྒྱལ་ནི། གླིང་དཀར་ཆོས་རྒྱལ་ཆེན་པོ་དབང་ཆེན་བསྟན་འཛིན་ཆོས་རྒྱལ་གྱི་རང་རྣམ་དུ་གསལ་བ་ལྟར་གཏེར་སྟོན་ཆེན་པོ་དགུང་གྲངས་དྲུག་ཅུ་རེ་བདུན་བཞེས་པ་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་༡༩༢༢ལོའི་ཧོར་ཟླ་དྲུག་པའི་ཚེས་དགུ་ལ་གླིང་ཚང་ཆོས་རྒྱལ་ཆེན་པོ་པདྨ་བཞད་པ་རྩལ་ཐབས་ཤེས་དང་བཅས་མཆོད་ཡོན་ལྷན་རྒྱས་གླིང་འགུ་ཟི་རྨ་རོང་ཆུ་ཚན་ཁར་ཆིབས་སྒྱུར་གནང་སྟེ་ཕྱི་ཉིན་ཚེས་བཅུ་ཉིན་རིག་འཛིན་འདུས་པའི་ཚོགས་མཆོད་ཟབ་རྒྱས་དང་། རིགས་འདུས་དེའི་དབང་གསུངས། དེ་ཉིན་གེ་སར་ཟབ་སྒྲུབ་དགྲ་ལས་རྣམ་རྒྱལ་བབས་ཏེ། རིགས་འདུས་ཚོགས་གསུངས་པའི་དུས་སུ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཞལ་མཇལ་ནས་ཐུགས་དབུས་སུ་ཐིམ་པའི་རྗེས་སུ་གླིང་རྗེ་གེ་སར་རྒྱལ་པོ་གཙོ་འཁོར་རྣམས་ཡིན་སྙམ་པའི་རྟ་པ་གོ་ཆ་གྱོན་པ་མང་པོ་ཡུད་ཙམ་གཟིགས་ནས་ཡལ། གླིང་རྒྱལ་དབང་ཆེན་བསྟན་འཛིན་ཆོས་རྒྱལ་གྱིས་གཏེར་སྟོན་ཆེན་པོའི་གཟིགས་སྣང་ལྟར་གྱི་གེ་སར་ཟབ་སྒྲུབ་དགྲ་ལས་རྣམ་རྒྱལ་གྱི་ཞལ་ཐང་ཁྱད་འཕགས་བཞེངས་པ་ད་ལྟའང་ཕྱོགས་དེར་བཞུགས་ཡོད། ཚེས་བཅུ་དགུ་ལ་རུ་དམ་རྫོགས་ཆེན་བླ་བྲང་དུ་གུ་དྲག་ཡེ་ཤེས་རབ་འབར་གྱི་བསྙེན་ཐུན་སྐབས་མཁའ་འགྲོའི་བརྡ་སྐད་གསལ་བར་གསན་ཏེ། སྙིགས་དུས་བདུད་དགྲ་ལས་རྒྱལ་ཕྱིར༔ གུ་རུ་སྐྱེས་བུའི་ཚུལ་བསྟན་གཅེས༔ ཞེས་སོགས་ཀྱི་སྐྱེས་མཆོག་གེ་སར་རྒྱལ་པོའི་ཟབ་སྒྲུབ་རྣམ་རྒྱལ་དང་སྐྱེས་བུ་དཔལ་གྱི་ལས་ཚོགས་བཅུ་གཅིག་པོའི་དམིགས་རིམ་བཅས་པ་དགོངས་ཀློང་ལས་བརྡོལ་བ་དག་པར་ཕབ་པར་མཛད། དུས་གྲོགས་རྟེན་འབྲེལ་ལེགས་པར་འགྲིགས་པས་གཏེར་སྒྲུབ་ཀྱང་ལེགས་པར་མཛད་གསུངས། དེ་ནས་སྐུ་བསྭོ་ཐོག་གི་གནས་སུ་མཁའ་འགྲོའི་ཚོགས་མཆོད་ཕུལ་ཚེ་གསེར་ལུང་རྩ་གླིང་ཚངས་པའི་ཕུག་གི་སྒོ་སྲུང་གེ་མཛོས་རང་གཟུགས་དངོས་སུ་བསྟན་ནས། ཐ་ལ་ཡེ་ཨུ་པ་དཱེ་ཤའི་དབང་། །ལོ་མགོར་མི་འགྱང་ད་ལྟ་འདིར། །ཐ་ལ་ཡེ་དུས་བབ་གྱུར་ལེ་རེད། །མི་བཟང་དེ་གླིང་གི་རྗེ་དྲུང་རེད། །ས་བཟང་དེ་སྐྱིད་སོས་སུམ་མདོ་རེད། །ཐ་ལ་ཡ་མོས་ལྡན་མང་ལེ་རེད། །ཅེས་ཟེར་ནས་མི་སྣང་བར་གྱུར། དེ་རྗེས་གུ་རུ་རྡོ་རྗེ་འཆང་ཆེན་པོའི་གཟུགས་སྐུ་ཡུད་ཙམ་མཇལ་བས་མོས་གུས་དྲག་པོ་འཁྲུངས་ཏེ་ཞབས་སྤྱི་བོར་བླངས་དགོས་སྙམ་པ་དང་ཁོང་རང་ཉིད་ལ་ཐིམ་སོང་བས་གླིང་རྗེ་གེ་སར་གྱི་དབང་གི་ཚིག་དོན་བཀྲ་ལམ་མེར་དགོངས་པའི་དབྱིངས་ལས་རྡོལ་བའི་གཉུག་མའི་དྲན་ཤེས་ཁྱད་པར་ཅན་ངང་གིས་འཁྲུངས་པ་ལས། དུས་སུ་དབང་གི་ཆོ་ག་གསལ༔ ཞེས་པ་ལྟར་གྱི་གསལ་སྣང་ངེས་རྙེད་བྱུང་བས་གེ་སར་སྒྲུབ་པ་སྡེ་དགུའི་ལྷ་ཚོགས་དང་འབྲེལ་བའི་དབང་བསྐུར་འཕྲིན་ལས་རྒྱུན་འབྱུང་ཞེས་པའང་དག་པར་ཕབ་པ་མཛད། གོང་དུ་གསལ་བའི་མི་བཟང་གླིང་གི་རྗེ་དྲུང་ནི་གླིང་གི་ས་སྐྱོང་དྲུང་པ་ཨོ་རྒྱན་ཚེ་རིང་གི་སྲས་པོ་གླིང་གཏེར་པདྨ་གར་དབང་འགྲོ་འདུལ་རྩལ་ལམ་གླིང་གི་ས་སྐྱོང་སྔགས་བཙུན་པདྨ་འགྲོ་འདུལ་རྡོ་རྗེ་ཡིན་ལ། དེའི་ཡང་སྲིད་རྗེ་དྲུང་སྐུ་ཕྲེང་གཉིས་པ་གད་ཐོག་སྤྲུལ་སྐུ་འགྱུར་མེད་པདྨ་ཀུན་གྲོལ། གསུམ་པ་གྲུབ་བརྙེས་རིག་པ་འཛིན་པ་འགྱུར་མེད་པདྨ་བསྟན་འཛིན། བཞི་པ་གླིང་གི་ལྷ་སྲས་འགྱུར་མེད་ཐེག་མཆོག་ངེས་དོན་བཤད་སྒྲུབ་བསྟན་འཕེལ་བཅས་བྱོན་པ་རྣམས་ལའང་གླིང་རྗེ་དྲུང་ཞེས་ཟེར་རོ། །ས་བཟང་སྐྱིད་སོས་སུམ་མདོ་ནི་ཡོངས་གྲགས་རྫ་རྒྱུད་ཨ་ཕྱུག་ས་སྐྱིད་སྐྱིད་སོས་ཡག་གི་ཁ་མདོ་གླིང་རྗེ་གེ་སར་སྐྱེས་བུའི་འཁྲུངས་གནས་དེ་ཉིད་ཡིན་ནོ། །ཡང་ཆུ་ཕག་༡༩༢༣ལོའི་སྟོན་ཟླ་ར་བའི་ཚེས་བཅུ་གསུམ་ལྷག་པའི་སྔ་མའི་ཉིན་རྩ་གླིང་ཚངས་པའི་ཕུག་ཏུ་བྱོན་པར་གནང་སྟེ་མདུན་རིའི་སྒོ་སྲུང་གེ་མཛོའི་རི་ཆེ་བརྗིད་ཅིག་འདུག་པ་ལ་གསོལ་མཆོད་མཛད་པས་རང་གཟུགས་དངོས་སུ་བསྟན་ནས། ཐ་ལ་ཡེ་ལོ་ཟླའི་མགོ་བོ་ལ། །ཨུ་པ་དཱེ་ཤ་ཨ་བྷི་ཥིཉྩ་ཡེ། །འོད་དཀར་དུ་ཡལ་ལོ། །ཁ་སྲོལ་ལ་ཡང་དེ་ཉིད་གེ་སར་ཕུག་པ་ཡིན་སྐད་དུ་འདུག་པའང་བདེན་སྙམ་དུ་དགོངས་པ་བྱུང་། ཚེས་བཅུ་བདུན་ཕྱི་མའི་ནུབ་མོར་གཏེར་སྲུང་གིས་མཛེས་མ་གཞོན་ནུ་མའི་གཟུགས་སུ་རང་ཞལ་དངོས་སུ་བསྟན་ནས། གནས་འདིར་གསང་ཕུག་བཞིའི་རྩ་བ་འདི་རུ་གེ་སར་ཚངས་སྤྱོད་དཀའ་ཐུབ་ཀྱི་ཚུལ་བཟུང་ནས་མི་ལོ་གསུམ་དང་ཟླ་བ་དྲུག་ཏུ་བཞུགས་པ་ཡིན་པས་ཕུག་པ་འདི་ལ་རྩ་གླིང་ཚངས་པའི་ཕུག་ཅེས་སུ་གྲགས་སོགས་ཟེར་ནས་གནས་ཀྱི་ངོ་སྤྲོད་རྒྱས་པར་མཛད་པ་བྱུང་། ལོ་དེའི་ཟླ་བ་བཅུ་པའི་ཚེས་བཅུ་དྲུག་གི་ནུབ་མོར་སྟོང་སྐོར་བླ་བྲང་གི་ཕོ་བྲང་དུ་བཞུགས་ཡོད་དུས་བུད་མེད་གཅིག་གིས། ཁྱེད་ཀྱིས་བྲིས་པའི་གེ་སར་དེ་ལྷ་དེ་ལ་མོས་མཁན་གྱི་མོས་ལྡན་སུ་ལའང་སྤེལ་མི་རུང་བ་མེད། གང་ཟག་གི་ཁྱད་པར་གླིང་རྗེ་དྲུང་དང་། གནས་ཀྱི་ཁྱད་པར་སྐྱིད་སོས་ལྷ་ཁང་ཡིན་ནོ་ཟེར་བ་བྱུང་། གླིང་རྗེ་དྲུང་ནི་གོང་ཞུས་ལྟར་ལ། སྐྱིད་སོས་ལྷ་ཁང་ནི་གཏེར་སྟོན་ཆེན་པོ་ཉིད་ཀྱིས་གླིང་རྒྱལ་དབང་ཆེན་བསྟན་འཛིན་ཆོས་རྒྱལ་ལ་བཀའ་ཕེབས་པ་བཞིན་བཞེངས་པའི་གླིང་རྗེ་འཁྲུངས་ཡུལ་གྱི་ཨ་ཕྱུག་གེ་སར་ལྷ་ཁང་ཡིན་ནོ། །ཡང་ཤིང་བྱི་༡༩༢༤ལོའི་ཟླ་བ་དྲུག་པའི་ཚེས་བཅུའི་ནུབ་མོར་བུད་མེད་ངོ་ཤེས་པའི་གཟུགས་ཅན་ཞིག་གིས་ལུང་སྩལ་བྱུང་བས་མ་ཧཱ་གུ་རུའི་བཀའ་དངོས་ཡིན་སྙམ་པའི་ཐུགས་ངེས་འཁྲུངས་པའི་བཀའ་ལུང་དེ་ལས་འཕྲལ་གཏེར་གེ་སར་གྱི་ཆོས་དེ་སྒྲུབ་པ་སྡེ་དགུའི་ལྷ་དང་འབྲེལ་ཞིང་དབང་བསྐུར་རྒྱུ་ཡོད་པས་གེ་སར་གྱི་སྒྲུབ་ཐབས་གཞན་ལས་ཁྱད་པར་འཕགས་པ་དང་། དེ་སྤེལ་ཚུལ་རྣམས་བསྟན་པ་བྱུང་ཚུལ་བཅས་མཆོག་སྤྲུལ་ཚུལ་ཁྲིམས་བཟང་པོས་མཛད་པའི་གཏེར་ཆེན་ཉིད་ཀྱི་གསང་བའི་རྣམ་པར་ཐར་པ་རྨད་བྱུང་ངོ་མཚར་པདྨ་དཀར་པོའི་ཕྲེང་བ་དད་པའི་འཁྲི་ཤིང་བྱིན་རླབས་སྤྲིན་ཕུང་སྡུད་པའི་མ་དྲོས་དགའ་བའི་གླུ་དབྱངས་དང་འདི་ལ་གསལ་སྣང་ངེས་རྙེད་སོགས་ལས་གསལ་ལོ། །ཞེས་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་དགོས་དབང་གིས་བྲིས་སོ། །

རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱི་གེ་སར་སྐོར་གྱི་གསུང་རྩོམ་ལས་བཤུས་སོ། ། 

 



ཀློག་གྲངས།:[1980]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com