
བོན་གཏེར་ཚེ་དབང་གྲགས་པ་ལ་གླིང་གེ་སར་གྱིས་ཞལ་གཟིགས་ཚུལ།
རབ་བརྟན་དགེ་ལེགས་ཕུན་ཚོགས།
༈ མདོ་ཁམས་སྡེ་དགེའི་ཡུལ་གྲུ་འབྲི་ཀླུང་གསེར་ལྡན་རིང་མོའི་འགྲམ་ངོགས་མགོ་ལོན་ཞེས་པའི་ས་ཆ་ན་ལོ་ཆེན་བཻ་རོ་ཙ་ནའི་རྣམ་པར་སྤྲུལ་པ་ཟབ་གཏེར་བསྟན་པའི་དབང་ཕྱུག་མི་འགྱུར་ཚེ་དབང་གསང་སྔགས་གྲགས་པ། རིག་འཛིན་ཀུན་གྲོལ་གསང་བ་རྩལ། གཏེར་སྟོན་ཨོ་རྒྱན་བདེ་ཆེན་གླིང་པ། གཡུང་དྲུང་བདུད་འདུལ་ཐོགས་མེད་རྩལ་སོགས་ཕྱི་ནང་གསང་བ་ཡང་གསང་བཞིའི་མཚན་དང་ལྡན་པའི་བན་བོན་རིས་མེད་ཀྱི་གཏེར་སྟོན་ཆེན་པོ་ཞིག་བྱོན་ཞིང་། ཁོང་རང་ལ་སྔ་རྗེས་སུ་རྗེ་བཙུན་འཕགས་མ་སྒྲོལ་མའི་སྤྲུལ་པ་ཨ་ནེ་གུང ་སྨན་རྒྱལ་མོ་དང་གླིང་རྗེ་གེ་སར་རྒྱལ་པོའི་ཞལ་གཟིགས་ལན་གསུམ་ཙམ་བྱུང་ཞིང་། དེའང་དཀར་པོ་གླིང་ལ་འབྱུང་འགྱུར་མངོན་སུམ་ལུང་དུ་སྟོན་པའི་མ་ནེ་ནེ་གནམ་སྨན་དཀར་མོས་ཞལ་གཟིགས་ལུང་བསྟན་གནང་ཚུལ་ནི། རིག་འཛིན་ཀུན་གྲོལ་གསང་བ་རྩལ་གྱི་ཕྱི་ནང་གསང་བ་ཐུན་མོང་དྲིལ་བའི་གཏེར་འབྱུང་ལོ་རྒྱུས་རྣམ་ཐར་ཆེན་མོ་ངོ་མཚར་པདྨའི་དགའ་ཚལ་ཐབས་ཤེས་ཉི་ཟླའི་རྒྱན་ཅན་ལས། ཡང་རེས་ཤིག་དུས་སུ་ནུབ་གཅིག་རྨི་ལམ་དུ་བུད་མེད་ཤིན་ཏུ་བརྩེ་གདུང་ཅན་ཞིག་གིས། བོད་ཡུལ་བཀྲ་ཤིས་གཡང་གི་མཚོ་མོ། །མི་ཟག་མི་འཐིགས་དཀོར་དུ་བསྡམ་ཡོད། །དེང་སང་གྱུ་ཁུག་དུས་ཀྱི་དབང་གིས། །སྔོན་ཚེ་གླིང་རྗེ་གེ་མ་སངས་དེས། །བྱང་བདུད་ཨག་རྩེ་ཀླུ་བཙན་བསྒྲལ་དུས། །སྨོན་ལམ་ལོག་པའི་ཚིག་བཞི་ཤོར་བ། །ད་ནི་མི་ཐོགས་བོད་དུ་ཡོང་ངོ་། །བུ་ཁྱོད་བདུད་ཀྱི་ཁ་རླངས་ཡོད་དོགས། །སྒྱུ་ལུས་རུས་སྦལ་གབ་ལྟར་དགོས་ངེས། །ང་ནི་ནེ་ནེ་ཡིན་ནོ་ཚ་བོ། །ཨ་ཧོ་ཨ་ལ་ལ་ཟེར་ནས་ཡལ་ལོ། །ཞེས་གསུངས་སོ། །ཡང་ཨོ་རྒྱན་བདེ་ཆེན་གླིང་པ་ཉིད་དགུང་གྲངས་ཉེར་བཞིའི་སྟེང་ཕེབས་པ་རབ་བྱུང་བཅུ་བཞི་པའི་མེ་འབྲུག་༡༨༥༦ ལོར་སུམ་པ་གླང་གི་གྱིམ་ཤོད་ཤེལ་བྲག་ཚལ་ལམ་ཁྱུང་པོ་རྩེ་དྲུག་ཤེལ་ལེ་རྒྱ་གར་དུ་ཟབ་གཏེར་བཞེས་པར་ཕེབས་དགོས་པའི་ལུང་བསྟན་བྱུང་ནས་ཕེབས་པའི་ལམ་བར་ནང་ཆེན་ལྕི་ཆུ་ཁར་ཕེབས་ཉེ་ཚེ་ནམ་མཁའ་སྤྲིན་གྱི་ཕུང་པོའི་ནང་ནས་གླིང་རྗེ་གེ་སར་སྐྱེས་བུ་འདོ་བ་རྐྱང་རྒོད་འཕེར་པོ་ལ་བཅིབས་པའི་ཞལ་གཟིགས་ཐོག་མར་བྱུང་ནས་ལུང་བསྟན་གྱི་བརྡ་ཚིག་མང་དུ་གསུངས་པ་བྱུང་བའི་ཚུལ་རྒྱས་པར་ཐུན་མོང་ཕྱིའི་རྣམ་ཐར་ཆེན་མོ་རྣམ་ཐར་དེ་ཉིད་ལས། དེ་ནས་གྱིམ་ཤོད་དུ་བསྐྱོད་ཚེ་ལྕི་ཆུ་ཁར་སླེབ་ཉེ་བར་ཕྱིན་པའི་ལམ་བར་དེ་ན། ད་ཆུ་ལ་བརྒལ་འདུག་དགོས་པས་ལྷ་སྲུང་སྤྱི་དང་། ཁྱད་པར་དགྲ་བླ་ཝེར་མའི་ཚོགས་ཀྱི་གནང་བུ། གླིང་གི་སེང་ཆེན་རྒྱལ་པོ་དེ་མཁྱེན་པ་གསོལ་དགོས་བསམ་ནས་ཚིག་འགའ་དང་བཤུལ་རིང་མགྲོན་སོགས་འགྲོ་ཞོར་སྨྲས་ནས་སོང་ཚེ། ནམ་མཁའི་ཁམས་སུ་སྤྲིན་ཕུང་སེང་གེ་འགྱིང་བ་འདྲ་བའི་གསེབ་ན་མི་བུ་དཀར་པོ་མཛེས་ལ་བརྗིད་པ། ཞལ་ངོ་དུང་ལྟར་དཀར་ལ་རྒྱ་སྐག་ཁུ་བས་མདངས་པ་འདྲ་བ། སྤྱན་མིག་སྐར་ཆེན་པ་ཝ་སངས་ལྟ་བུའི་ཟེར་དང་ལྡན་པ། སྨིན་མ་མཐིང་གི་མདོག་ལྟར་སྔོ་ཁྱུག་གེར་ཡོད་པ། ཞལ་ཞི་མ་ཁྲོ་ཅན་དབུ་ལ་ལྕགས་ཀྱི་རྨོག་ཞུ་ལ་དར་འཕྲུ་དང་རྒོད་སྒྲོ་ཡོད་པ། སྙན་གཡས་གཡོན་ལ་གསེར་གྱི་སྙན་ཆ་རེ་རེ་བཏགས་ཤིང་། སྐུ་ལ་ཁྲབ་དང་འཁོར་གསུམ་གསོལ་ནས་ཕྱག་གཡས་པས་སྦ་ལྕག་དཀར་པོ་ལ་དར་དཀར་མགུལ་ཆིངས་ཅན། གཡོན་པས་སྟོང་སྐུད་དམར་པོའི་སྒྲིམ་བུ་སྦམ་པོའི་ཁ་མདའ་འདྲ་བ་ཞིག་བཟུང་ནས་ཡོད་པར། སྐུ་སྨད་སྤྲིན་དུ་ནུབ་ནས་རྟ་དམར་པོ་ཟེ་བ་སྔོན་པོ་ཅན་ཞིག་གི་སྐེད་པ་ཡན་ཆད་དང་ལག་པ་གཡས་གཡོན་མཐོང་ནས་རྟ་མཆོག་དེའི་རྣ་བ་གཡས་གཡོན་ལ་དར་གྱི་ཅོད་པན་རེ་རེ། ཟེ་བ་སྤུ་ཉག་རེ་རེ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཚར་ཆུན་རེ་རེ། ལག་གཡས་གཡོན་གྱི་རྨིག་པ་རེ་ནས་གཡུ་ཡི་མདོག་འབར་ཞིང་སྔོ་ལ་འོད་དང་ལྡན་པ། སུག་པ་མཐིང་གི་མདངས་ཆགས་པའི་རྟ་མི་ཞིག་མཇལ་བྱུང་བ་དང་མཉམ་དུ་འདི་ལྟ་བུའི་གླུ་དབྱངས་སྙན་པོ་ཞིག་ལྷང་ལྷང་ལེན་པར་ཐོས། ཨ་ལ་ལ་མོ་ཨ་ལ་རེད། །ཚེ་རིང་རྒྱུའི་ལ་མོ་ལ་ལ་རེད། །གླུ་ཨ་ལ་ཨ་ལ་ཐ་ལ་ལ། །ཨ་ལ་གླུ་ཡི་ལེན་ལུགས་ཡིན། །ཐ་ལ་ངག་གི་བཀུག་ལུགས་ཡིན། །ས་འདིའི་ས་ངོ་ཨི་ཤེས་ཨང་། །ས་འདིའི་ས་ངོ་མ་ཤེས་ན། །གཡག་ལ་སེ་བོའི་མར་ཞབས་ཀྱི། །གཡུ་ཕུག་ལྷོ་ཡི་ཡར་ཟུར་གྱི། །ལྕི་ཆུ་སྔོན་མོའི་ཁུག་ཟུར་ཡིན། །རམ་པོ་རི་ཡི་ལམ་སོ་ཡིན། །ང་འདྲའི་ང་ངོ་ཨི་ཤེས་ཨང་། །ང་འདྲའི་ང་ངོ་མ་ཤེས་ན། །གསང་བ་འདུས་པའི་སྤྲུལ་པ་ལ། །སྐུ་རྗེ་འཛམ་གླིང་རྒྱལ་པོ་ཡིན། །འཕགས་པ་འཇམ་དབྱངས་སྤྲུལ་པ་ལ། །གླིང་གི་གེ་སར་དོན་གྲུབ་ཡིན། །ཡི་དམ་ལྷ་ཡི་སྲས་བུ་ཡིན། །མཁའ་འགྲོ་འབུམ་གྱི་གཅེས་ཕྲུག་ཡིན། །རིག་འཛིན་བརྒྱད་ཅུའི་བྱིན་རླབས་ཡིན། །ཝེར་མ་སུམ་ཅུའི་གནང་བུ་ཡིན། །ཟོ་དོར་སུམ་ཅུའི་ཕུ་བོ་ཡིན། །ནག་པོ་བདུད་ཀྱི་གཤེད་མ་ཡིན། །སེར་པོ་ཧོར་གྱི་གཉའ་ནོན་ཡིན། །གླུ་འདིའི་གླུ་ངོ་ཨེ་ཤེས་ཨང་། །གླུ་འདིའི་གླུ་ངོ་མ་ཤེས་ན། །གླིང་གི་རྟ་གླུ་རིང་མོ་དང་། །དོན་འགྲུབ་ལམ་གླུ་འབུམ་མོ་གཉིས། །དུས་གསུམ་མཉམ་ནས་ཚིགས་སུ་བསྡེབ། །ཚིག་འདིའི་ཚིག་ངོ་ཨེ་ཤེས་ཨང་། །ཚིག་འདིའི་ཚིག་ངོ་མ་ཤེས་ན། །ཚིག་འདི་གཏན་ཚིགས་འགྱུར་མེད་ཀྱི། །ངོ་མཚར་ཉི་མ་འབུམ་ལྡན་ཡིན། །ད་ནངས་ལྕང་ལོ་ཅན་ནས་ཡོང་། །དོ་ནུབ་རི་བོ་རྩེ་ལྔར་འགྲོ། །ད་ལྟ་སྐྱེས་བུ་ཁྱོད་ཉིད་ལ། །བདག་ཞལ་བསྟན་ཏེ་འཕྲད་དུ་ཡོང་། །ཐུགས་མ་ཡེངས་ང་ཡི་གླུ་ལ་ཉོན། ། ཅེས་སོགས་གླིང་རྗེ་གེ་སར་གྱི་རྣམ་ཐར་དང་འབྲེལ་བའི་ལུང་བསྟན་གྱི་གླུ་དབྱངས་ཚིག་རྐང་པ་བརྒྱ་དང་གྱ་དགུ་ཡོད་པ་ཞིག་གསུངས་ཤིང་། ལུང་བསྟན་གྱི་བརྡ་གླུ་དེའི་མཇུག་ཏུ། ང་གླིང་གི་རྒྱལ་པོ་དོན་འགྲུབ་གཅིག །ཁྱོད་བོད་ཀྱི་རྣལ་འབྱོར་ཁས་ལེན་གཉིས། །ཉི་མ་དུས་དང་དེ་རིང་ནས། །འགྲོ་དྲུག་ཉེས་ལེགས་རང་བཞིན་དེ། །གསལ་དོ་གསལ་ཏེ་ཅི་ལ་ཕན། །བཤད་མི་ཡོད་དེ་ཉན་མི་མེད། །བཤད་ཉན་གཉིས་ཀ་མ་འཛོམས་ན། །རྡོ་གོར་མོ་ཆུ་ཡིས་ཨི་འགྱོང་ན། །ད་མི་མང་མདོ་མཐོང་ཚིག་གཅིག་བཤད། །བཤད་མི་ཆེ་དོན་རྒྱ་གཏམ་གཅིག་དྲིལ། །བརྡ་མི་སྟོན་གསེར་ལ་མཛུབ་གུ་བཙུགས། །ཨབ་བརྒྱ་སྟོང་ཁབ་མིག་གཅིག་ནས་དྲངས། །ཁུང་བརྒྱ་སྟོང་ལྷན་པོ་གཅིག་གིས་བཀབ། །མདོ་ཡོངས་བསྡུས་རྣལ་འབྱོར་ཁྱོད་ལ་རག །མ་མཁའ་འགྲོའི་ལུང་མི་བརྡ་ལ་ལྟོས། །བློ་ཡོངས་དྲིལ་རྐྱེན་ཁར་མ་ཤོར་ཞིག །ད་ལན་གཅིག་སྐུ་ཁམས་བདེ་མོར་བཞུགས། །ལན་གཉིས་རང་རེ་ཚོགས་ལ་རོལ། །ལན་གསུམ་གསུང་གི་འཕྲོས་གླེང་ཡོད། །ལན་བཞི་དངོས་སུ་ཞལ་མཇལ་ཡོང་། །ལན་ལྔ་ཐབས་ལ་བསྟེན་ཏེ་མཆིས། །ཞེས་གསུངས་ནས་བར་སྣང་སྤྲིན་དང་བཅས་ཏེ་ཇེ་མཐོ་རུ་སོང་ནས་ཤར་ཕྱོགས་སུ་ཡལ་ཐལ། དེ་ལ་ད་རུང་སྐྱེས་བུ་དོན་གྲུབ་སེང་ཆེན་རྒྱལ་པོ་ནོར་བུ་དགྲ་འདུལ་དང་ལན་གསུམ་ཙམ་ལས་འཕྲོ་ཡོད་གསུངས་པ་ངོ་མཚར་ཆེ། དེ་སྔ་གཏན་ནས་མཇལ་མ་མྱོང་བསམ་པ་ཤར་ཚེ་ཁོ་བོ་སྐབས་དེར་ཐམ་ཐམ་དུ་སོང་ཡོད་ལ། ནུ་བོ་ཚུལ་ཁྲིམས་རྒྱལ་མཚན་ཤིན་ཏུ་བསྐྲགས་ནས་ཁོ་བོའི་རྟ་ཁ་ཐག་གིས་འཇུ་འདུག །དེ་ནས་ཁྱེད་རླུང་ཁམས་ལངས་པ་རེད་དམ་ཟེར། དེ་འདྲ་ཅི་ཡང་མ་རེད། བར་སྣང་སྤྲིན་གྱི་ནང་ནས་གླིང་རྗེ་ནོར་བུ་དགྲ་འདུལ་དེ་མཇལ་བྱུང་སྨྲས། ཞེས་གསུངས་པ་དང་། གླིང་རྗེ་གེ་སར་གྱི་ཞལ་གཟིགས་གཉིས་པ་ནི་དགུང་གྲངས་ཉེར་དྲུག་ས་ཕོ་རྟ་ཡི་༡༨༥༨ལོར་ཀོང་པོའི་ཕྱོགས་སུ་ཕེབས་ཏེ་ཀོང་པོ་བུ་ཆུ་ལྷ་ཁང་དང་བྲག་གསུམ་གཡུ་མཚོ་མཇལ་སྐོར་ལ་བྱོན་སྐབས་ལྕང་ངུ་རེད་ཟམ་ཆད་ནས་ཆུ་ལས་མ་ཐར་ཚེ་རྒྱལ་པོ་གེ་སར་གྱི་ཞལ་གཟིགས་བྱུང་ནས་ཆུའི་འཇིགས་པ་ལས་དབུགས་དབྱུང་བར་མཛད་པ་སྟེ། རིག་འཛིན་ཆེན་པོ་ཀུན་གྲོལ་གསང་བ་རྩལ་གྱི་རྣམ་ཐར་བསྡུས་དོན་སྐལ་ལྡན་དགྱེས་པའི་དགའ་སྟོན་ལས། རང་ལོ་ཉེར་བདུན་ས་ལུག་ལོར་བྲག་གསུམ་གཡུ་མཚོ་སྐོར་དུ་སོང་བས། གཡུ་མཚོ་དྲག་པོ་མདངས་ལྡན་དེ་ཉིད་དཀར་པོ་འོ་མ་ལྟར་ཞག་ཁ་ཤས་སུ་བྱུང་། ཤོག་སེར་འབེབས་པའི་མཚམས་དམ་པར་བསྡམས། མཚོ་དེའི་ལྷོ་ཕྱོགས་ཕ་བོང་ཆུ་སྲིན་འདྲ་བ་ནས་རྫས་རྒོད་དྲེགས་པ་ཀུན་འདུལ་སྦྲམ་བཅས་རྙེད། ཡར་འོང་བས་ལྕང་ངུ་རེང་ཟམ་ཆད་ནས་མ་ཐར་ཚེ། ལྷ་སྲུང་ལ་གསོལ་བ་བཏབ་པས། གླིང་རྗེ་གེ་སར་གྱི་མཇལ་སྣང་གཉིས་པ་འཇིགས་སྐྱོབ་ཀྱི་ཚུལ་དུ་བྱུང་ནས། ཟམ་པ་ཆད་ཀྱང་འཕྲང་ལས་སྒྲོལ་ཐུབ་པ་བྱུང་ངོ་། །ཞེས་གསུངས་སོ། །གླིང་རྗེ་གེ་སར་གྱི་ཞལ་གཟིགས་ལན་གསུམ་ཡོད་པར་གསུངས་པའི་ཞལ་གཟིགས་གསུམ་པ་ཇི་ལྟར་བྱུང་ཚུལ་དགུང་གྲངས་བཞི་བཅུ་སྐོར་ཡན་གྱི་ཕྱི་ནང་གསང་བ་ཡང་གསང་གི་རྣམ་ཐར་ཆོས་ཚན་བཞི་ཅན་གཏེར་ཆེན་ཉིད་ཀྱིས་མཛད་པ་པོད་ཆེན་གཅིག་བཞུགས་པའི་ནང་དུ་མི་གསལ་བས། དེ་རྗེས་སྐུ་ཚེའི་སྨད་ལ་བྱུང་བ་ཞིག་ཨེ་ཡིན་སྙམ་དུ་སེམས་སོ། ། ཞེས་སྨིན་དབུས་ཨ་དཀར་མིང་ལ་མཁོ་བ་བཞིན་རབ་བརྟན་དགེ་ལེགས་ཕུན ་ཚོགས་པས་བྲིས་སོ། །
འདི་ནི་རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱི་གེ་སར་སྐོར་གྱི་གསུང་རྩོམ་ལས་སོ། །