སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི།བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་།དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར།དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས།བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་།དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ།ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ།གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད།འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས།གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་།གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ།གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ།མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་།ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན།དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ།།ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་ སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

མགོ་ལོག་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན།

 

 

ལོག་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན།

དེ་རིང་སྟེ་རབ་གནས་མེ་བྱ་ལོའི་ཆུ་སྟོད་ཟླ་བའི་དམར་ཕྱོགས་དགའ་བ་དང་པོ། འཛམ་གླིང་སྤྱི་རྩིས་༢༠༡༧ལོའི་ཟླ་༨པའི་ཚེས་༡༣ཉིན། མདོ་ཁམས་གླིང་གི་ཕ་ས་མགོ་ལོག་རྟ་བོར་ཐང་གེ་སར་རིག་གནས་ལུས་རྩལ་ར་བ་རུ་མགོ་ལོག་ཁུལ་རིག་གནས་ལས་ཁུངས་སོགས་ཀྱི་སྣེ་ཁྲིད་འོག་རྫོང་ཁག་སོ་སོའི་རིག་རྩལ་འཁྲབ་སྟོན་པ་ཡོངས་ཀྱི་ཐུགས་ཁུར་ཆེར་བཞེས་དང་། དཀའ་སྤྱད་འབད་བརྩོན་བརྒྱུད་༼ཀྲུང་གོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་ཐེངས་དྲུག་པ་༽ཞེས་པ་གཟབ་རྒྱས་ངང་འཚོགས། དེར་མདོ་དབུས་ཁམས་གསུམ་སྟེ་ཞིང་ལྗོངས་ལྔའི་འཐུས་ཚབ་དབུ་ཁྲིད་དང་། གེ་སར་རིག་གནས་ཆེད་མཁས་པ། རང་ས་གནས་གཙོས་སྐད་གྲགས་ཆོད་པའི་གཞས་པ་གཞས་མ་སོགས་དང་།


ཕྱོགས་སོ་སོའི་ལྟད་མོ་པ་ཁྲི་འབུམ་དུ་མས་དཔའ་བོ་གླིང་གི་དགའ་སྟོན་འདི་ལ་ཀི་ཀི་བསྭོ་བསྭོའི་ཁ་གཡང་གི་དགོད་སྒྲ་དང་བཅས་དགྱེས་སྟོན་ལ་རོལ་པ་དང་། ཁྱད་པར་དུ་ཐེངས་འདིའི་འཁྲབ་སྟོན་ཡུལ་ངོས་སུ་གླིང་གེ་སར་རིག་གནས་བརྗོད་གཞི་བྱས་པའི་མི་རིགས་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས། རི་ཆུའི་མཛེས་པ་སོགས་ཀྱི་དགེ་མཚན་འཛོམས་པ་མཚོན་པར་རྨ་རྒྱལ་གངས་ཀྱི་ལྷུན་པོའི་ཉེ་འདབས་སུ་དྭངས་གཙང་གི་ཆུ་བོ་དང་། ཡིད་འོང་གི་མེ་ཏོག །རང་བྱུང་གི་སྨན་སྣ། རི་དྭགས་དང་གཡུང་དག་སོགས་བག་ཡངས་སུ་རྒྱུ་བ། དཀར་ནག་གི་ཕྱུགས་རིགས་འཛོམས་པ། རྟ་མཆོག་གི་བང་ཁ་འགྲན་པ། གྱད་པོ་ཆེས་སྟོབས་རྩལ་ངོམ་པ། བྱིས་པ་རྣམས་རྩེད་རྡོ་བསྒྲིག་པ། མ་སྲུ་རྣམས་གླུ་གར་བྱེད་པ། སྟག་ཤར་རྣམས་མདའ་རྩལ་འགྲན་པ་སོགས་མདོར་ན་མཁའ་ལ་འཕུལ་དགུ་དང་ས་ལ་འཛུལ་དགུ་ཐམས་ཅད་ཀྱང་འཚེ་མེད་ཞི་བའི་ངང་ལ་བག་ཕེབས་དང་གུ་ཡངས་ཀྱི་ངང་ན་གནས་ཤིང་རྣམ་ཀུན་བདེ་སྐྱིད་ཕུན་ཚོགས་ཀྱི་དཔལ་ལ་རྟག་ཏུ་སྤྱོད་ཀྱིན་པའི་རྣམ་པ་གཙོ་བར་སྟོན་པ་ཞིག་རེད་འདུག་གོ་ཞེས་ཡུལ་དངོས་དེ་ཉིད་མིག་གི་དགའ་སྟོན་དུ་ཐོབ་པའི་མགོ་ལོག་པ་གཞོན་ནུ་འཇིགས་མེད་རིག་པའི་གོ་ཆའམ་བ་རོད་བསྟན་རྒྱམ་གྱིས་རིངས་པར་བྲིས་ཏེ་མྱུར་མོར་སྤེལ་བ་དགེ ། ༢༠༡༧/༨/༡༣

 

 

 

 

 

 

 

 

 

ཀློག་གྲངས།:[568]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com