སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

ཧོར་གྱི་ཇག་པ་མི་བདུན་གྱི་གཙོ་བོ་གུར་ནག་རྒྱལ་པོ་བཏུལ་བ། ཁག་དང་པོ།

 

༈ ཧོར་བར་འདུལ་བསམ་པའི་དོན་གྲུབ་ཀྱི་རྟིང་པ་རྫོང་ཆེན་དང་རྫོང་ཕྲན་ཐམས་ཅད་དབང་དུ་བསྡུས་པའི་རྗེས་མར་ཧོར་གྱི་ཇག་པ་མི་བདུན་གྱི་གཙོ་བོ་གུར་ནག་རྒྱལ་པོ་བཏུལ་བའི་ངོ་མཚར་གྱི་གཏམ་མཚོ་ཞེས་བྱ་བ་བཞུགས་སོ། །

མུ་འགོད། 

ན་མོ་བླ་མ་སངས་རྒྱས་དམ་པའི་ཆོས། །འཕགས་པའི་དགེ་འདུན་དཀོན་མཆོག་རྩ་བ་གསུམ། །ཀུན་འདུས་རྒྱལ་བ་རིགས་གསུམ་མགོན་པོའི་ཞབས། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ངོ་བོ་དངོས། །བདེ་གཤེགས་འོད་དཔག་མེད་ཀྱི་ཐུགས་ཀྱི་སྲས། །རྣམ་འདྲེན་ཤཱཀྱའི་རྒྱལ་པོའི་ཡང་སྤྲུལ་གར། །རྒྱལ་དབང་པདྨ་ཀ་རའི་སྒྱུ་འཕྲུལ་འོད། །མ་རུངས་བདུད་སྲིན་འདུལ་བའི་མཐུ་བོ་ཆེ། །འགྲོ་དོན་མཐར་ཕྱིན་བ་དན་མཁའ་ལ་བསྒྲེངས། །ཕན་དང་བདེ་བའི་སྙན་གྲགས་ས་སྟེང་ཁྱབ། །མཐའ་མེད་འཁོར་བའི་སེམས་ཅན་ཐབས་ཀྱིས་འདུལ། །ལས་ལྡན་རྣམས་ལ་གསང་སྔགས་ཉེ་རྒྱུད་བསྟན། །སྨོན་ལམ་དབང་གིས་གཏེར་དང་དངོས་གྲུབ་བཞེས། །སྙིགས་དུས་འགྲོ་ལ་ཕན་པའི་གཏེར་ཚབ་སྦས། །མི་འདོད་རྐྱེན་དང་དུས་ཀྱི་དར་ཡམས་བཟློག །བདུད་ཡུལ་ཀུན་ལ་མདོ་སྔགས་སྒྲོན་མེ་སྦར། །བཟང་ངན་འབྲེལ་ཐོབ་མ་ལུས་འདྲེན་སྐལ་ལྡན། །སྲིད་པ་གསུམ་ན་འགྲན་ཟླ་མ་མཆིས་པ། །ལྷ་མི་ཡོངས་ཀྱི་གཙུག་རྒྱན་བཀའ་དྲིན་ཅན། །གེ་སར་རྒྱལ་པོའི་ཞབས་ལ་གུས་ཕྱག་འཚལ། །ཅེས་སོ། །གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་མ་སང་སྐྱེས་བུ་ཆེན་པོ་འདི་ཉིད་ས་གླང་རྒྱལ་གྱི་ཐ་ཆུང་ལ་མི་ཡུལ་གླིང་དུ་སྐུ་འཁྲུངས་ཚུལ་བསྟན་ཏེ་སྐུ་ཡི་མཚན་དཔེ་མི་སྟོན་པར་ལོག་པའི་བདུད་སྲིན་འབྱུང་པོ་ནད་བདག་གདུག་པ་ཅན་རྣམས་སྤྲུལ་བསྒྱུར་ཐུགས་རྗེ་ཁོ་ནས་ཚར་བཅད་དེ་ལྷ་ཀླུའི་བསམ་འཕེལ་རྣམས་འགྲོ་བའི་ཕྱིར་དུ་བཞེས་པ་དང་། དག་པ་རབ་འབྱམས་ཀྱི་ཞིང་ཐམས་ཅད་ལ་ཕེབས་ཏེ་རྫུ་འཕྲུལ་གྱིས་ཐོས་བསམ་མཛད་པ། དངོས་གཞི་གདུལ་བྱ་དུས་ལ་བབ་པའི་ཚེ་དགོས་པའི་དབང་གིས་གླིང་དཀར་རྒྱལ་སྲིད་ཁ་ཟོག་ལས་ཀ་ནོར་གཡང་གདན་ཁྲི་སྐྱ་ལོའི་མི་རྒྱུ་བཅས་རྟ་རྒྱུག་གི་རྒྱན་དུ་བཞག་ནས་རྫུ་འཕྲུལ་གྱིས་གསེར་ཁྲི་རིན་པོ་ཆེ་ལ་མངའ་དབང་མཛད་ནས་སྡེ་གླིང་དཀར་གྱིས་རྒྱལ་སྲིད་བཞེས་ཏེ་ཕྱི་ནང་སུ་ཡིས་ཀྱང་རྩོད་མེད་ཀྱི་གནས་སུ་ཕྱིན་ནས་སྐུ་ཡི་གཟི་མདངས་ཉི་མ་འབུམ་གྱི་འོད་ཟེར་བཞིན་འབར་ཞིང་ལྷ་མི་ཀུན་གྱིས་སྤྱི་བོས་བསྟོད་པ་དང་དེ་ནས་དངོས་གཞི་དགྲ་ཆེན་དང་པོར་བདུད་ཀླུ་བཙན་ནས་རྒྱ་ནག་ཇ་རྫོང་བར། ཧོར་མོན། བླ་བུ། ཁ་ཆེ། སྟག་གཟིག སོག་སྟོད་སྨད། ཨ་བྲག བྱེ་རི། མི་ནུབ། གནམ་ཁྲི། ཞང་ཞུང་། གངས་རི་ཤེལ་རྫོང་། སུམ་པ། མཐིང་རྫོང་། མཇར། ཨུ་ཡོན། སྟེང་ཀ སེང་རོང་། ལི་ཁྲི། གླང་རི། ཐོག་རྒྱུ། གུ་གེ སྒང་པ། མི་ཉག ཚ་བའི་མདའ་རྫོང་། འོར་མོ་ལུང་གི་གཡང་རྫོང་། བལ་པོའི་ལུག་རྫོང་། གུ་ར་རྒྱལ་པོའི་རྟ་རྫོང་། སྨུག་གུའི་དྲེལ་རྫོང་བཅས་རྫོང་ཆེ་ཆུང་སུམ་ཅུ་སོ་གསུམ་ཕབ་ནས་ཁམས་དེའི་སེམས་ཅན་རྣམས་གནས་སྐབས་དང་མཐར་ཐུག་བདེ་གནས་སུ་བཀོད་ཅིང་གཡང་དང་དངོས་གྲུབ་རྣམས་བོད་ཆེན་སྒང་པའི་བཅུད་དུ་བླངས་ནས་འགྲོ་ཀུན་བདེ་སྐྱིད་སྙན་གསུམ་གྱི་གནས་ལ་བཀོད་པ་དང་ཆོས་མེད་མཐའ་འཁོབ་མུན་གླིང་ཐམས་ཅད་ལ་ཆོས་དང་དགེ་བཅུའི་ཁྲིམས་ཀྱི་དར་སྲོལ་བཙུགས། སྙན་པའི་བ་དན་སྲིད་པའི་རྩེ་མོར་བསྒྲེངས། ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་གྱིས་མནན་ནས་དྲག་པོ་མངོན་སྤྱོད་ཀྱི་གཡུལ་འཁྲུག་མཇུག་རྫོགས་ཏེ་ནང་བློན་དང་ཕྱི་བློན་རྣམས་ལ་སོ་སོའི་ལས་དང་སྐལ་པར་གཞིགས་པའི་ཆོས་དང་གདམས་ངག་བསྟན་ནས་ལྟ་བསྒོམ་ལ་བརྩོན་པ་དང་། དཔའ་ཐུལ་རྒས་གྲས་དང་མོ་སྨན་རྒས་གྲས་མང་ཆེ་བ་རྣམས་ལ་དགེ་བསྙེན་གྱི་གདམ་པ་གནང་ནས་བསྒོམ་ཁྲིད་མཛད་དེ་མཚམས་ཁོ་ནར་བཞུགས་སུ་བཅུག་པ་ལས་ལྡན་གང་ཟག་རབ་རྣམས་ལ་ཡོ་ག་གསུམ་དང་རྫོགས་ཆེན་བཀའ་འདུས་རྒྱུད་དང་མན་ངག་གསང་རྒྱུད་དང་དགོངས་པ་ཟང་ཐལ། དཀྲི་ཡོག་སྡེ་བཞི། ཤེས་པ་ཀུན་གྲོལ་རྒྱུད། འཕོ་བ་ཟབ་ལམ་རྒྱུད། ལྟ་བ་ཁྲེགས་ཆོད་དང་། ཉོན་མོངས་པ་རང་གྲོལ་གྱི་གདམ་ངག་འཁོར་འདས་གཅིག་ཆར་དུ་རྟོགས་པའི་གདམ་ངག་བཅས་ཀྱི་ཆོས་ཚན་མང་པོ་བསྟན་པ། རྒྱ་དཀར་ནག་དང་། ཞང་ཞུང་། བལ་པོ་དེ་བཞིན་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨན་མདོ་ཁམས་སྒང་དྲུག་གི་ཆོས་ཞུ་མཁན་ཁྲི་སྟོང་མང་པོར་སོ་སོའི་ལས་ལ་གཞིགས་པའི་ཆོས་དང་གདམ་ངག་བསྟན་ནས། སྐལ་ལྡན་འབུམ་ཕྲག་ཁ་ཤས་ཕྱིར་མི་ལྡོག་པའི་གནས་དམ་པ་ཐོབ་པ་དང་། འབུམ་ཕྲག་ཁ་ཤས་ཀྱིས་ནི་སྐྱེ་རབས་ལྔ་དྲུག་བརྒྱུད་ནས་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པ། སྐབས་དེའི་ཕལ་མང་པོའི་ཚོགས་རྣམས་ཀྱང་རྣམ་འདྲེན་ཤཱཀྱའི་བསྟན་པ་རིན་པོ་ཆེ་འདིའི་རིང་བླ་ན་མེད་པའི་བྱང་ཆུབ་སྙིང་པོ་འཐོབ་རྒྱུའི་འབྲས་བུ་གདོན་མི་ཟ་གསུངས་པ་དང་། སྐབས་དེར་ཕྱི་བློན་ཤན་པ་དང་། དུང་སྐྱོང་། ར་འདྲ། ཉི་མ་གྲགས་པ། ཨ་སྟག་ཀླུ་མོ་བཅས་གདུལ་བྱའི་ལྷག་མ་རྫོགས་ནས་ལུས་མེད་འཕོ་ཆེན་དུ་གཤེགས་པ་དང་། གཡུ་ལྷ་དང་། ཞལ་དཀར། ཆོས་འགྲུབ། མགར་བའི་ཆོས་དར་བཅས་ནི་སླར་ཡང་འགྲོ་བའི་དོན་སྐྱོང་བའི་རྟགས་སུ་སྐུ་ཕུང་ཆུང་ངུ་བཞག་ནས་དགོངས་པ་དབྱིངས་སུ་གཤེགས་པ་དང་དེ་ཡི་དུས་ན་མཆོག་དམན་ཀུན་གྱིས་ཆོས་དང་གདམ་ངག་ཉམས་སུ་ལེན་པ་མ་གཏོགས་པར་འཇིག་རྟེན་འཁོར་བའི་བྱ་བ་བྱེད་མཁན་ནི་ཤིན་ཏུ་ཉུང་བ་ཞིག་བྱུང་བ་རེད། གླིང་དཀར་བདེ་མཆོག་སྤྲུལ་སྐུའི་ཞིང་ནས་ཤིང་ཁྱི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་སྐྱེས་མཆོག་བླ་མ་ཀུན་མཁྱེན་ཡེ་ཤེས་ཐོགས་མེད་ཉིད་སྐུ་ཁམས་མཁའ་སྤྱོད་དུ་གཤེགས་པ་དང་དེ་ཡི་རྗེས་ཉིན་བདུན་གྱི་རིང་ལ་དཔའ་ཐུལ་མི་ཆེན་རྒྱལ་བའི་ལྷུན་གྲུབ། མཉམ་མཁྱེན་པ་ཐོགས་མེད། སྟག་རང་རྒྱལ་མོ་གསེར་མཚོ། རྒྱ་བཟའ་ལྷ་དཀར་སྒྲོལ་མ། ཡ་ཐའི་སྐྱེས་མཆོག་ཐར་པ། གཟུ་ཆེན་ཝེར་མའི་ལྷ་དར། གུང་ས་བུ་ཡི་ཁྲ་སྐྱ་བཅས་གཅིག་རྗེས་གཉིས་ཕེབས་ཀྱིས་སྙུང་རྐྱེན་གང་ཡང་མེད་པར་སྐུ་གཤེགས་ཏེ་རྨད་དུ་བྱུང་བའི་རྟགས་མཚན་བྱུང་བ་དང་། ཉམས་ལེན་ཅན་རྣམས་ནི་ཡང་དག་པའི་ཞིང་ཁམས་སུ་མྱུར་དུ་ཕེབས་རྒྱུར་སྐོམ་པ་ཆུ་འདོད་ལྟར་མཛད་པ། གསར་སྐྱེས་རྣམས་ཀྱིས་ནི་རྒས་རབ་རྣལ་འབྱོར་ཕོ་མོ་རྣམས་དག་ཞིང་དུ་ཕེབས་པའི་ཤུལ་དུ་ལྷག་པའི་གང་ཟག་ཕལ་པ་རྣམས་སྡུག་བསམ་ནས་སྐྱོ་ཤས་ཆེན་པོ་བྱུང་བ། ཆོས་བྱེད་ཕལ་པ་རྣམས་ཀྱིས་ནི་དཀོན་མཆོག་གི་བདེན་སྟོབས་ལ་ཡིད་ཆེས་ཏེ་འཁོར་བའི་ལས་ལ་སྙིང་པོ་མེད་པ་ཤེས་ནས་ཆོས་སྒོར་ཞུགས་རྒྱུར་སེམས་ཐག་ཆོད་པ། རྒྱལ་མཆོག་བླ་མ་སེང་ཆེན་རིན་པོ་ཆེས་བསྒོམ་ཁང་སྟག་རྫོང་གི་ཚོམས་ཆེན་པདྨ་སྟོང་ལྡན་ལ་ཉིན་གུང་རྒྱ་དཀར་ནག་སོག་བལ་བོད་སོགས་མི་ཡི་སློབ་མ་རྣམས་ལ་ཆོས་དང་གདམ་ངག་བསྟན་པ་དང་དོན་དམ་སེམས་ངོ་སྤྲད་པ་། མཚན་མོར་རྒོད་ཚང་ཁ་གཡེར་ཐོག་ཁང་འོད་ཕུང་འཁྱིལ་བར་བཞུགས་ཏེ་ཚངས་པ་དང་བརྒྱ་བྱིན། ཀླུ་གཙུག་ན་རིན་ཆེན། དུང་སྐྱོང་། ནོར་རྒྱས། དགའ་བོ། ཐང་ལྷ། སྤོམ་ར། གེ་མཛོ། གླང་ཆེན་འགྱིང་རི། ཀོང་པོ་བོན་རི། མཚོ་བདག་ཁྲི་ཤོར་རྒྱལ་མོ། མ་ཕམ་མཚོ་མོ་བཅས་འཛམ་བུའི་གླིང་གི་གཞི་བདག་གནས་བདག་དང་གཉུག་མར་གནས་པའི་དཀར་ཕྱོགས་ཅན་རྣམས་ལ་དགེ་བསྙེན་གྱི་གདམ་པ་དང་བྱང་ཆུབ་སེམས་གདམ་དེ་བཞིན་སྣང་སྲིད་ལ་ཐོབ་པའི་ཆོས་ཚན་མང་པོ་བསྟན་པ་མ་འོངས་སྙིགས་མའི་དུས་སུ་སེམས་ཅན་སྐལ་དམན་རྣམས་ཀྱི་ཕྱིར་དུ་རིགས་གསུམ་མགོན་པོའི་བཀའ་གཏད་རྗེས་གནང་བཅས་པ་སྩལ་བ་དང་། འགྲོ་བ་མི་དང་སྣང་སྲིད་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་དེར་དགའ་སྐྱ་ལོའི་དགེ་མ་འབྲུག་མོ་ནི། ཐུགས་རྗེ་ཆེན་པོའི་བསྙེན་གནས་ལ་བཞུགས་ཏེ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་ལྟ་བསྒོམ་རྩེ་གཅིག་ཏུ་བྱས་པའི་ཉམས་སྣང་དང་རྨི་ལམ་དུ་ཞིང་ཁམས་གང་དུ་འདུན་པ་གཏད་ཀྱང་ན་བུན་གྱིས་སྒྲིབ་ཏེ་མི་མཐོང་བ་དང་། གཡུ་ལོ་བཀོད་དང་པདྨ་འོད་སོགས་དག་པའི་ཞིང་ཁམས་མེ་དཔུང་གི་དཀྱིལ་དུ་ཚུད་པ་མཐོང་བ། གེ་སར་རྒྱལ་པོ་འོག་མིན་སྟུག་པོ་བཀོད་དུ་བཞུགས་པར་ཤེས་ནས་མཇལ་བར་ཕྱིན་ཀྱང་གསུང་ཐོས་པ་ལས་སྐུ་འོད་ཀྱིས་གཏུམ་ནས་མི་མཐོང་བས་སྣང་བ་དང་རྨི་ལམ་ཤ་སྟག་བྱུང་སྐབས་དུས་གསུམ་ཀུན་མཁྱེན་བླ་མ་སེང་ཆེན་རིན་པོ་ཆེར་ཞུ་དགོས་དགོངས་ཤིང་ཡར་ངོས་ཚེས་གཟའ་སྐར་ཤིན་ཏུ་དགེ་བའི་ཉིན་དེར་ཁྲུས་དང་ལྷ་བསང་ལེགས་པར་བྱས་ནས་དགེ་བསྙེན་མའི་ན་བཟའ་གཙང་མ་གསོལ་ནས་གསེར་གྱི་ཀ་ཏོ་རའི་ནང་རིན་ཆེན་གཟི་བྱུར་མུ་ཏིག་སྤོས་ཤེལ་མ་གད་སོགས་ཕྱུར་ཁེངས་བླུགས་པའི་སྟེང་དུ་དྲི་བཟང་སྤོས་ལ་མེ་སྦར་བ་བཙུག་ནས་དར་སྣ་ལྔ་ཡི་སྣ་དྲངས་ནས་བླ་མ་སེང་ཆེན་གྱི་སྐུ་མདུན་དུ་བཅར་ནས་གུས་ཕྱག་དགུ་སྤྲུགས་འཚལ་ནས་དགེ་གོས་ཕྲག་ལ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ནས་གླུ་ཞུས་འདི་དགུ་སེང་དྲུག་འགྱུར་ལ་དྲངས་ནས་ཕུལ་ལོ། །

ཨོཾ་མ་ཎི་པངྨེ་ཧཱུྃ། ཨ་ལ་རྐྱེན་མེད་ཐབས་ཀྱིས་ལེན། །ཐ་ལ་འགག་མེད་ཤེས་རབ་སྩོལ། །དོན་འབྲས་མོས་གུས་ཆེན་པོས་ཞུ། །མདུན་ནམ་མཁའ་སེང་ཁྲི་པད་ཟླའི་སྟེང་། །སྐྱབས་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་། །སྐུར་དཀར་དམར་མཛེས་འཛུམ་ཞི་མ་ཁྲོ། །དབུ་པད་ཞུ་རྒོད་ལྡེམ་ཉི་ཟླས་བརྒྱན། །མགུལ་རྒྱན་སྙན་ཆས་གཟི་འོད་འབར། །ཁ་ཊྭཱཾ་དཀར་གསལ་བརྒྱད་ལིང་ལ། །དུག་གསུམ་རྣམ་དག་རྩེ་མོ་གསུམ། །སྐུ་ལྔ་མཚོན་ཕྱིར་དར་འབུན་དཔྱངས། །སྐུ་གསུམ་ལྷུན་གྲུབ་མགོ་གསུམ་བརྒྱུས། །ཡུམ་སྦས་པའི་ཚུལ་གྱིས་ཁྲུ་མོར་བརྟེན། །ཕྱག་རྡོ་རྗེ་བྷནྔྷ་ཚེ་བུམ་མཛེས། །སྟོང་གསལ་པདྨ་འབུམ་ཟླའི་སྟེང་། །རྡོ་རྗེའི་སྐྱིལ་མོ་དཀྲུང་དུ་བཞུགས། །གཡས་སུ་ཡུམ་ཆེན་མཚོ་རྒྱལ་དཀར། །ཚེ་བུམ་ཐོད་པ་བདུད་རྩིས་བཀང་། །གཡོན་ན་མན་ད་ར་བ་ཞི། །ཁ་ཊྭཱཾ་ཐོད་པའི་ཌཱ་རུ་ཁྲོལ། །གྲུབ་ཐོབ་རིག་འཛིན་རྒྱ་མཚོ་རྣམས། །གྲངས་མེད་ཉི་ཟེར་རྡུལ་ལྟར་གཏིབས། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །ས་དང་ལམ་གྱི་བར་ཆད་སོལ། །མཆོག་གི་དངོས་གྲུབ་དམ་པ་སྩོལ། །འཛམ་གླིང་ལྟེ་བ་རྡོ་རྗེ་གདན། །བསྟན་པའི་མངའ་བདག་གསེར་མདོག་མཚན། །དགྲ་བཅོམ་འཕགས་པའི་ཚོགས་ཀྱིས་བསྐོར། །བརྩེ་བས་སེམས་ཅན་ཡོངས་ལ་གཟིགས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཉོན་མོངས་དུག་ལྔའི་རྨོངས་གཉིད་སད། །དོན་དམ་གནས་ལུགས་རྟོགས་པར་ཤོག །རྡོ་རྗེ་ཕག་མོ་སེང་གདོང་མ། །སྒྲོལ་མ་དཀར་སྔོན་མཁའ་སྤྱོད་དབང་། །འགྲོ་ཀུན་འདྲེན་མཛད་མཁའ་འགྲོའི་ཚོགས། །མི་ཕྱེད་དད་པས་ཕྱག་འཚལ་ལོ། །འཁོར་ཚེ་ཐོག་མ་མེད་པ་ནས། །བསགས་པའི་ལས་ཉོན་སྡིག་སྒྲིབ་དག །ལྟ་བསྒོམ་སྤྱོད་པའི་ལོ་འདབ་རྒྱས། །བདུད་བཞིའི་འཇིགས་ལས་རྣམ་པར་རྒྱལ། །སྐུ་གསུམ་འབྲས་བུ་མྱུར་ཐོབ་ཤོག །ཚངས་ཆེན་ལྷ་དང་ཚངས་རིགས་ལྷ། །འདོད་ལྷ་རིགས་དྲུག་རྒྱལ་ཆེན་བཞི། །གཉེན་ཆེན་ཐང་ལྷ་གེ་མཛོ་དང་། །གངས་རི་ཆེན་པོ་ཏི་སེ་ནས། །འཁོར་ལོ་སྡོམ་པའི་ལྷ་ཚོགས་ལ། །གསོལ་འདེབས་ས་ལམ་བར་ཆད་ཞི། །འགག་མེད་ཤར་གྲོལ་མྱུར་རྟོགས་ཤོག །དག་པ་ཤྲི་དྲག་པོའི་གནས། །ཞིང་སྐྱོང་ལྷ་ཚོགས་ཐམས་ཅད་ལ། །གསོལ་འདེབས་བར་ཆད་ཀུན་ཞི་ནས། །ལྟ་བའི་གདེང་དང་བསྒོམ་པའི་ཉམས། །འཆུགས་མེད་ངོ་བོ་མངོན་འགྱུར་ཤོག །རོང་བཙན་ཁ་བ་དཀར་པོ་ནས། །ཡི་དམ་ཐུགས་རྗེ་ཆེན་པོ་མཁྱེན། །དམུ་རྒོད་གདུག་རྩུབ་ཞི་བར་ཤོག །རྒྱ་ནག་རི་བོ་རྩེ་ལྔ་ནས། །འཇམ་དཔལ་གཞོན་ནུའི་ལྷ་ཚོགས་མཁྱེན། །ཡེ་ཤེས་འོད་ཀྱིས་གསལ་བར་ཤོག །ཀླུ་རྒྱལ་གཙུག་ན་དུང་སྐྱོང་དང་། །ནོར་རྒྱས་དགའ་བོ་མཐུ་སྟོབས་ཅན། །ས་ལམ་བགྲོད་པའི་བར་ཆད་སོལ། །མྱུར་དུ་བྱང་ཆུབ་ཐོབ་པར་ཤོག །བལ་བོད་གཉིས་ཀྱི་མཚམས་ཀྱི་ཆ། །བྲག་དཀར་ཤེལ་གྱི་ཅོད་པཎ་ནས། །མཁའ་འགྲོའི་དབང་ཕྱུག་ཚེ་རིང་མ། །མཆེད་ལྔའི་ཚོགས་རྣམས་རྣལ་འབྱོར་ལྷ། །གསོལ་འདེབས་བསྒོམ་པའི་བར་ཆད་ཞི། །རིགས་གསུམ་སྤྲུལ་པ་བདུད་སྡེའི་གཤེད། །པདྨའི་རྒྱལ་ཚབ་འགྲོ་བའི་མགོན། །སྙིགས་དུས་སྐྱབས་གཅིག་སེང་ཆེན་རྗེ། །སྐལ་བཟང་འདུས་པ་གྲུབ་ཆེན་ཚོགས། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །འབྲལ་མེད་ཐུགས་རྗེས་བཟུང་དུ་གསོལ། །ས་འདིའི་ས་ངོ་མ་ཤེས་ན། །ཕོ་བྲང་སྟག་རྩེའི་ཚོམས་ཆེན་གྱི། །འོད་ཕུང་བཀྲ་ཤིས་གཡས་འཁྱིལ་ཟེར། །སྔར་དུས་རྒྱལ་བློན་འདུ་ར་རེད། །རྒྱལ་པོའི་སྐུ་ཟིལ་ངོམ་ས་རེད། །བློན་ཆེན་གཟི་མདངས་འབར་ས་རེད། །དེང་སང་ཆོས་འཁོར་བསྐོར་ས་རེད། །རྗེ་བླ་མས་སྤྲུལ་བསྒྱུར་མཛད་ས་རེད། །འཁོར་སློབ་མས་སངས་རྒྱས་གྲུབ་ས་རེད། །ང་འདྲ་ང་ངོ་མ་ཤེས་ན། །ཉ་ཆ་ཕུ་དྲུག་མདའ་དང་བདུན། །སྐྱ་རེངས་གད་པའི་ཁུག་དང་བརྒྱད། །རབ་མེད་རྨ་ཆུའི་རྔམ་དང་དགུ །ཕོ་བྲང་སྟག་རྩེའི་ཟིལ་དང་བཅུ། །བཅུ་འཛོམས་བཀྲ་ཤིས་ར་བ་ནས། །སྐྱ་ལོའི་སེང་ལྕམ་འབྲུག་མོ་ཟེར། །ཚེ་སྔོན་སྐྱེ་བ་མཐོ་ན་ཡང་། །དམན་པ་བུད་མེད་སྐྱེ་བ་གྲུབ། །ལྷག་པར་སྡིག་རྩ་ཕྲུག་པོའི་རྒྱུད། །ཆུང་དུས་ཕ་མས་གཅེས་ཕྲུག་བྱས། །ཟས་གོས་བག་མེད་རྣམ་གཡེང་ཆེ། །འཇིག་རྟེན་གནའ་མིའི་གཏམ་དཔེ་ལ། །གདམ་ཤོར་བན་དེ་རང་སྣང་ཆེ། །ཆེ་དོན་མེད་ཀྱང་སྡིག་པའི་སྟོབས། །ཤེས་མེད་བུ་མོ་རང་སྣང་ཆེ། །ཆེ་དོན་མེད་ཀྱང་འཁོར་བའི་སྐྱོན། །ཚ་ཚེ་ར་དེ་རང་སྣང་ཆེ། །ཆེ་དོན་མེད་ཀྱང་ལས་ཀྱིས་སྣང་། །བཤད་སྲོལ་ཡོད་པའི་དཔེ་བཞིན་དེ། །རྒྱལ་སྲས་སྦས་ཚུལ་མཛད་པའི་སྐབས། །མ་རིག་རྨོངས་པས་འགལ་འཁྲུལ་མང་། །དེ་ནས་མུག་པའི་རྒྱལ་མོ་བྱས། །སྐྱིད་སྡུག་དཔྱིད་ཀའི་གནམ་གཤིས་ལྟར། །གྲངས་མང་མཐོང་བ་ཀུན་མཁྱེན་རེད། །གླུ་འདིའི་གླུ་ངོ་མ་ཤེས་ན། །རང་ངག་དགུ་སེང་དྲུག་འགྱུར་ཡིན། །གདན་དམར་སེར་འོད་ཀྱི་ཕུང་པོའི་སྟེང་། །རྗེ་དུས་གསུམ་ཀུན་མཁྱེན་རྫུ་འཕྲུལ་ཅན། །གསང་སྔགས་སྟོན་པ་ཐུགས་རྗེ་ཅན། །འགྲོ་བའི་བླ་མ་བཀའ་དྲིན་ཅན། །ལྷག་པར་བདག་ལ་བཀའ་དྲིན་ཆེ། །དྲིན་འཁོར་མེད་བླ་མ་རིན་པོ་ཆེ། །ཐུགས་བརྩེ་བར་དགོངས་ཏེ་བདག་ལ་གསོན། །རིན་ཆེན་གཟི་བྱུར་མུ་ཏིག་དང་། །མ་གད་སྤོས་ཤེལ་ས་ལེ་སྦྲུམ། །ཚོགས་གཉིས་རྫོགས་ཕྱིར་མཎྚལ་ཕུལ། །བདག་ལུས་ལོངས་སྤྱོད་དགེ་རྩ་དང་། །གླིང་བཞིའི་རི་རབ་རོལ་མཚོ་དང་། །གསལ་བྱེད་ཉི་ཟླ་ལྷ་མིའི་ནོར། །དངོས་འབྱོར་ཡིད་སྤྲུལ་བཀྲ་ཤིས་རྫས། །རྒྱལ་སྲིད་སྣ་བདུན་མཆོད་པའི་སྤྲིན། །ཟག་མེད་ཀུན་བཟང་མཆོད་རྫས་དམིགས། །བློས་བླང་རྒྱལ་བ་དགྱེས་ཕྱིར་འབུལ། །རྒྱལ་བ་དགྱེས་པའི་བསོད་ནམས་ཀྱིས། །ས་ཆེན་བཅུ་ཡི་གནས་ཐོབ་ཅིང་། །ཕ་རོལ་ཕྱིན་དྲུག་རྫོགས་པར་ཤོག །སྐུ་མི་འགྱུར་འཕགས་པ་འཇམ་པའི་དབྱངས། །མོས་གུས་ཆེན་པོས་གསོལ་བ་འདེབས། །སྐུ་ཡི་དམ་ཚིག་ཉམས་པ་བཤགས། །གསུང་འགག་མེད་འཕགས་པ་སྤྱན་རས་གཟིགས། །འགྱུར་མེད་དད་བརྒྱས་ཕྱག་འཚལ་ལོ། །གསུང་གི་དམ་ཚིག་ཉམས་པ་བཤགས། །ཐུགས་མི་འཁྲུལ་གསང་བདག་རྡོ་རྗེ་འཛིན། །འཁྲུལ་མེད་ཐུགས་ལ་གསོལ་བ་འདེབས། །ཐུགས་ཀྱི་དམ་ཚིག་ཉམས་པར་བཤགས། །གཅིག་བསྡུས་རྒྱལ་བ་རིགས་གསུམ་མགོན། །རྩ་བ་ཡན་ལག་ཐམས་ཅད་ཀྱི། །དམ་ཚིག་ཉམས་ཆག་བྱང་གྱུར་ཅིག །ཐོག་མེད་དུས་ནས་མ་ཤེས་རྨོངས། །ཤེས་བཞིན་བསགས་པའི་སྡིག་སྒྲིབ་བཅས། །རྒྱལ་བ་ཉིད་ཀྱི་སྤྱན་སྔར་བཤགས། །བ་མོར་ཉི་ཟེར་ཕོག་པ་ལྟར། །མ་ལུས་ཡོངས་སུ་བྱང་བར་ཤོག །དུས་གསུམ་ཀུན་མཁྱེན་བླ་མ་རྗེ། །གསང་བའི་ཟླ་གྲོགས་ཨ་འབྲུག་བདག །མོ་ལོ་སུམ་བརྒྱ་ཟིན་ལ་ཉེ། །མི་ཚེ་སངས་རྒྱས་སྐུ་མདུན་བསྐྱལ། །ཉོན་མོངས་སྟོབས་དང་ང་རྒྱལ་གྱིས། །དགེ་སྡིག་ཐག་པ་དཀར་ནག་གཉིས། །འབྲལ་མེད་མཉམ་དུ་སྒྲིམས་པ་བཞིན། །ཆོས་གཤའ་མ་མ་བསྒྲུབ་སྙིང་ནས་འགྱོད། །མ་སང་བླ་མ་སེང་ཆེན་རྗེས། །མཐའ་རྫོང་བཅོ་བརྒྱད་ཕབ་པའི་རྗེས། །སྐྱ་ལོའི་རྒྱུ་དང་རྒྱལ་པོའི་མཛོད། །དམ་པའི་ཆོས་རྩར་ཐོངས་ཤིག་གསུངས། །རྒྱལ་བའི་བཀའ་དེ་དང་དུ་བླངས། །དཔལ་གྱི་བསམ་ཡས་གཙོ་བྱས་པའི། །སྟོད་ཀྱི་འདུས་སྡེ་ཐམས་ཅད་ལ། །མཆོད་འབུལ་བསྟན་རྩ་གྲངས་མེད་བཞག །ཇོ་བོ་ཤྭཀྱ་མུ་ནེ་ལ། །གསེར་མཐུག་ཚད་གླང་ཆེན་ཀོ་ཞེང་གསོལ། །བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ། །དེ་དང་མཚུངས་པའི་གསེར་ཆབ་གསོལ། །བསམ་ཡས་ཁྲ་འབྲུག་མཆིམས་ཕུ་དང་། །དེ་བཞིན་སྒྲུབ་ཕུག་གཡའ་མ་ལུང་། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ། །གསེར་ཆབ་མར་མེའི་རྩ་བ་བཙུགས། །བོད་གླིང་མཐའ་འབུས་ཆོས་སྡེ་ལ། །བསྟན་རྩ་སྙན་བཀུར་མང་ཇ་བཏང་། །ཚྭ་ཚྭ་རྡོ་འབུམ་དར་ལྕོག་སོགས། །བྱེ་བ་འབུམ་དང་དུང་ཕྱུར་བཞེངས། །མཐའ་བཞི་ས་མདོ་གཉེན་ཆེན་ལ། །མཆོད་རྟེན་རྣམ་མང་སུམ་བརྒྱ་བསྒྲུབ། །མི་ལོ་དྲུག་ཅུ་དུས་ཀྱི་རིང་། །ཚེ་ཐར་སེམས་ཅན་འབུམ་གསུམ་བཏང་། །རྒྱ་དཀར་ནག་གཙོས་པའི་སློབ་མ་རྣམས། །སྟབས་བདེའི་འཚོ་གོས་ཞབས་ཏོག་ཕུལ། །ནམ་མཁའི་བྱ་དང་ཆུ་ནང་ཉ། །དེ་བཞིན་བཀྲེས་སྐོམ་ཡི་དྭགས་རིགས། །ཉམས་ལ་ཕན་པའི་སྦྱིན་པ་དང་། །བསྔོ་བར་དམིགས་པས་ཚིམ་པར་བྱས། །དགེ་རྩ་བསྐྲུན་ཚད་རྗེ་ལ་ཞུས། །ད་དུང་ཚོགས་ཆེན་རྫོགས་པའི་ཕྱིར། །བཀོར་མཛོད་སྟོང་པར་མ་གྱུར་བར། །བདེན་མེད་སྒྱུ་མའི་ནོར་རྫས་རྣམས། །དམ་པའི་ཆོས་རྩར་ཐོངས་ཤིག་གསུང་། །རྒྱལ་བའི་བཀའ་དེ་སྤྱི་བོས་བླངས། །ཁྱིམ་རྟགས་སྤངས་ནས་དགེ་བསྙེན་ཞུས། །རིན་ཆེན་རྒྱན་ཆ་ཆོས་རྟེན་བྱས། །རྒྱལ་བའི་བཀའ་འགྱུར་ཆ་བདུན་ནི། །རིན་ཆེན་གསེར་གྱིས་བྲིས་ཏེ་བཞེངས། །དངུལ་དང་མཚལ་དམར་དཀར་པོའི་དུང་། །འགྱུར་བསྐྱེད་ཆེ་བའི་རིགས་རྣམས་ཀྱིས། །བཀའ་དང་བསྟན་འགྱུར་ཆ་གྲངས་བྲིས། །སྐྱེས་མཆོག་དམ་པ་དབུ་མཛད་པའི། །མཚན་ལྡན་བླ་མ་མང་པོར་བསྟེན། །དབང་ལུང་སེམས་ཁྲིད་དངོས་གཞི་རྣམས། །ཡང་ཡང་ཞུས་ནས་ཉམས་སུ་བླངས། །སེང་ཆེན་བླ་མའི་སློབ་མ་ལ། །ད་ནང་སེམས་ཁྲིད་ཐོབ་པས་ན། །དོ་ནུབ་ཉམས་དང་རྟོགས་པ་བསྐྱེད། །ཞག་གསུམ་ལྟ་བསྒོམ་བྱས་ཚད་ལ། །ལྟ་བ་ཀ་དག་ཉི་མ་ཤར། །སྤྱོད་པ་བླ་མེད་བོགས་ཆེན་འཁྱོངས། །སྐུ་གསུམ་འབྲས་བུ་མངོན་དུ་གྱུར། །ཆོས་ཀྱི་འབྲེལ་བ་ཐོབ་ཚད་རྣམས། །ཚེ་སྟོད་སྡིག་བསགས་ཅི་ཆེ་ཡང་། །མ་ལུས་བྱང་ཞིང་ཉམས་རྟོགས་འཕེལ། །སྐལ་ལྡན་དབང་པོ་རབ་རྣམས་ཀྱིས། །རྟོགས་གྲོལ་སྙིང་པོ་དུས་གཅིག་ཐོབ། །ཚད་མེད་བཞི་ཡི་བཙན་ས་ཟིན། །ས་ལམ་བདུད་ཀྱི་གཡུལ་ལས་རྒྱལ། །འཁོར་འདས་གཉིས་མེད་མཉམ་པར་གདལ། །འབྲེལ་ཚད་མ་ལུས་དོན་དང་ལྡན། །དེ་ནས་བླ་མ་སྤྲུལ་པའི་སྐུ། །སེར་མོ་དེ་དང་མི་འདྲ་འདུག །མཚན་ལྡན་བླ་མའི་དབང་ལུང་ཁྲིད། །མ་གནང་སྐལ་བ་མ་བཅད་ཀྱང་། །ལས་རྐྱེན་ངན་པ་གང་ཡིན་ན། །ལྟ་བས་ཕུ་ཐག་མ་ཆོད་པར། །གཉིས་འཛིན་འཁྲུལ་བའི་ལམ་མདོར་ལྷག །སྐྱེས་མཆོག་དམ་པའི་སློབ་ཆེན་རྣམས། །བྱ་རྒྱལ་ནམ་འཕང་བཅད་པ་བཞིན། །ཐོག་མེད་རང་དབང་ཐོབ་པའི་སྐབས། །ཨ་སེར་བསྒོམ་འདི་གོལ་ཡུན་རིང་། །གཡོ་མེད་རིང་འཛིན་ཕར་ཚད་བཞག །རེ་དོག་བདུད་རླུང་མི་གཤོག་པར། །ལྟ་བས་མཐའ་རྒྱ་མི་ཆོད་གདའ། །བསྒོམ་ལ་ཨ་འཐས་བྱས་བྱས་ནས། །རྩོལ་མེད་དོན་དེ་མ་རྟོགས་གདའ། །ཨ་སེར་ཆུང་ངུའི་དུས་ཚོད་ནས། །ཉམས་སྣང་རྨི་ལམ་གསལ་མཁན་ཡིན། །དེང་སང་རྒས་པའི་མཐའ་ལ་ཐུག །དབང་པོ་ལྔ་ནི་རིམ་པས་རྒུད། །རྒས་པའི་སྡུག་བསྔལ་ཤུགས་ཀྱིས་འབྱུང་། །སྐྱེ་དགའ་ན་འཆིའི་སྡུག་བསྔལ་འདི། །གཟུར་མེད་ཡིན་པར་ཆ་མཆིས་ཀྱང་། །ཀུན་བྱེད་རྒྱལ་པོ་རང་སེམས་ལ། །བདེ་སྟོང་མ་ཤར་ཨ་སེར་འགྱོད། །ལས་རྐྱེན་ངན་པ་ཅི་ལ་ཐུག །འདག་ཐབས་ལྷ་ཆོས་ཅི་འདྲ་བྱེད། །ལོ་ནི་བཅུ་ཕྲག་ཁ་ཤས་ཚུན། །ཉམས་སྣང་རྨི་ལམ་གཉིས་ཀ་ལ། །ཞིང་ཁམས་བྱེ་བ་ཕྲག་བརྒྱ་ལ། །སེམས་ཀྱིས་འདུ་ས་གར་གཏད་ཀྱང་། །ཕྱི་དབྱིབས་མཇལ་སྣང་མ་གཏོགས་པར། །ནང་བཅུད་ཞིང་བཀོད་ཚོགས་ཞིང་ལྷ། །མི་འཇལ་ན་བུན་སྟུག་པོས་སྒྲིབ། །ཡེ་ཤེས་བགོ་བ་བགོ་མ་ཡིན། །མ་གུས་བཀག་པའི་སྣང་བ་བྱུང་། །འདི་ལོའི་ས་ཟླའི་དུས་བཟང་ནུབ། །སེར་མོ་གཉིད་ཀྱི་ཐུན་མཚམས་སུ། །འཛམ་གླིང་བླ་མ་སེང་ཆེན་ནི། །སྙིང་རྗེ་འཆང་གི་ཞིང་ཁམས་སུ། །བཞུགས་ནས་ཆོས་འཁོར་བསྐོར་སྐད་ཐོས། །སེར་མོ་དད་སྤྲོས་དཔལ་དུ་གྱུར། །དད་པས་མཇལ་དུ་ཕྱིན་ན་ཡང་། །སྟུག་པོ་བཀོད་པའི་ཞིང་ཁམས་དེ། །འོད་དང་མེ་དཔུང་དཀྱིལ་དུ་གནས། །སློབ་ཆེན་འབུམ་ཕྲག་འདུས་པའི་དབུས། །མ་སང་བླ་མ་སེང་ཆེན་རྗེས། །གསུང་འགག་མེད་ཆོས་སྒྲ་ཐོས་པ་ལས། །རྫུ་འཕྲུལ་སྐུ་ཡི་བཀོད་པ་དང་། །ངོ་མཚར་ཞིང་གི་བཀོད་པ་བཅས། །མཇལ་རྒྱུ་མེད་པའི་སྡུག་ཡུས་ཀྱིས། །ཤིན་ཏུ་ངུས་པའི་སྣང་བ་འཆར། །གློ་བུར་གཉིད་ལས་སད་ནས་གདའ། །དེ་འདྲའི་སྣང་བ་རྨི་ལམ་ནི། །གཅིག་མིན་གཉིས་མིན་གྲངས་མང་བྱུང་། །འཇིག་རྟེན་གནའ་མིའི་གཏམ་དཔེ་ལ། །ཕ་མ་སློབ་དཔོན་རྡོ་རྗེ་སྤུན། །དམ་ཚིག་མ་ཉམས་གཙང་མ་རྣམས། །དག་པའི་ཞིང་ནས་མཇལ་བས་ཟེར། །སེར་མོ་ཉོན་མོངས་དུག་ལྔས་སྒྲིབ། །སངས་རྒྱས་ཀུན་འདུས་སེང་ཆེན་ལ། །སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས། །ཇི་གསུང་བཀའ་དེ་མ་སྒྲུབ་པར། །རྒྱལ་བའི་སྐུ་གསུང་ཐུགས་ཡོན་ལ། །འགལ་འཁྲུལ་ཉམ་ཆག་མཆིས་པ་ངེས། །མྱུར་དུ་འདག་ཐབས་བསྙེན་དུ་གསོལ། །སྔོན་ཚེ་ཐུབ་པའི་ཉེ་གནས་ལ། །ལེགས་པའི་ཀརྨ་ང་རྒྱལ་ཅན། །བླ་མའི་ཡོན་ཏན་སྐྱོན་དུ་མཐོང་། །གསོན་དུས་འགྱོད་བཤགས་མ་བྱས་པར། །ཤི་མ་ཐག་ཏུ་ཡི་དྭགས་སྐྱེས། །རང་སྣང་ཅན་གྱི་སེང་ལྕམ་མདའ། །ཚེ་འདིར་འགྱོད་བཤགས་མ་བྱས་ན། །དེ་འདྲ་བདག་ལ་ཡོང་ཉེན་གདའ། །བདག་གིས་དག་ཞིང་མི་མཇལ་བར། །ན་བུན་མེ་དཔུང་འོད་ཀྱིས་སྒྲིབ། །ལས་བསགས་ངན་པ་གང་གིས་སྒྲིབ། །མྱུར་དུ་འདག་པའི་གདམ་ངག་ལུང་། །ཐུགས་བརྩེ་བ་ཆེན་པོས་སྩལ་དུ་གསོལ། །བདག་སོགས་འཁོར་འབངས་ཉམ་ཐག་རྣམས། །ངན་འགྲོའི་གཡང་ས་ཆེན་པོ་ནས། །གེག་མེད་ཐར་བའི་གླིང་མཆོག་ཏུ། །ལམ་སྣ་དྲོངས་ཤིག་རིགས་གསུམ་མགོན། །གླུ་འཁྲུལ་བ་ཐམས་ཅད་མཐོལ་ཞིང་བཤགས། །ངག་འཁྱལ་ཤོར་ཚད་བཟོད་པར་གསོལ། །

ཅེས་ཞུས་པ་དང་བླ་མ་སེང་ཆེན་ཡིད་བཞིན་ནོར་བུའི་ཞལ་འཛུམ་མདངས་རྒྱས་བཞིན་ཡ་སེང་ལྕམ་དད་པ་ཅན་ཁྱོད་ཀྱིས་སྐྱ་ལོའི་ནོར་དང་ང་ཡི་མཛོད་ཆོས་ཕྱོགས་བཏང་བས་དོན་ཆེན་གྲུབ། ནོར་ཡང་བསོད་ནམས་བསགས་པས་འཕེལ། བསོད་ནམས་དང་སྦྱིན་པའི་སྟོབས་ནི་ཤིན་ཏུ་ཆེའོ། །ཁྱོད་ཀྱི་རྨི་ལམ་དང་སྣང་བའི་འཆར་སྒོ་རྣམས་ང་ལ་བཤད་པ་དེ་མ་ནོར་བ་ཡིན་པས་བཟང་། ངས་ཀྱང་ཁྱོད་ལ་རྩ་བ་དང་བཤགས་ཐབས་བསྟན་པས་ཉོན་ཅིག་གསུངས་ཏེ་མགུར་འདི་ཐེག་ཆེན་ཆོས་ཆར་འབེབ་གླུ་ལ་དྲངས་ནས་གསུངས་སོ། ། ཨོཾ་མ་ཎི་པངྨེ་ཧཱུྃ། ཨ་ལ་ཨ་ལ་ཨ་ལ་རེད། །ཐ་ལ་ངག་གི་འགུགས་ལུགས་རེད། །ཀུན་བཟང་རྡོར་སེམས་ཤྲི་སེང་། །མཚོ་འཁྲུངས་རིག་འཛིན་པདྨ་འབྱུང་། །གཏེར་སྟོན་ཆེན་པོ་གླིང་པ་བརྒྱད། །རྗེ་འབངས་གྲུབ་ཐོབ་ཉི་ཤུ་ལྔ། །རྫོགས་ཆེན་བརྒྱུད་པའི་བླ་མ་ལ། །གསོལ་འདེབས་མཆོག་གི་དངོས་གྲུབ་སྩོལ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །མདོ་སྡེ་རྒྱུད་སྡེ་སྔགས་སྡེ་གསུམ། །བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས། །མ་བཅོས་གདོད་མའི་གནས་ལུགས་འདི། །མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །ཨ་ཏི་རྫོགས་པ་ཆེན་པོ་འདི། །རྩོལ་མེད་ཡིན་པར་ཤེས་པར་ཤོག །མ་བཅོས་རང་སེམས་གཉུག་མ་འདི། །འགག་མེད་ཡིན་པ་ཤེས་པར་ཤོག །རང་རིག་སྐུ་གསུམ་ལྷུན་གྲུབ་འདི། །ལྷན་སྐྱེས་ཡིན་པ་རྟོགས་པར་ཤོག །ཞིང་ཕྱོགས་བཅུའི་དག་པ་རབ་འབྱམས་ནས། །མགོན་འགྲོ་བའི་དེད་དཔོན་གང་དག་ལ། །སྙིང་པདྨོའི་དབུས་ནས་གསོལ་བ་འདེབས། །མ་རྒན་སེམས་ཅན་ཐམས་ཅད་འདི། །མ་ལུས་འདྲེན་སྐལ་ལྡན་པར་ཤོག །སྤྱི་བོར་པདྨ་འབུམ་ཟླའི་སྟེང་། །དཔལ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དྲིན་འཁོར་མེད་གྲུབ་ཆེན་ཐང་སྟོང་རྒྱལ། །སྐུ་དཀར་སྔོན་ལྕང་ལོ་ལྷག་མ་ཁྲོལ། །དར་དཀར་དམར་ན་བཟའ་རླུང་གིས་བསྐྱོད། །སྨ་ར་ཨག་ཚོམ་དཀར་ལ་རིང་། །ཕྱག་གཡས་ཚེ་མདའ་ཕྱོགས་བཅུར་བསྐོར། །དྲང་སྲོང་རྣམས་ཀྱི་ཚེ་གཡང་འགུག །གཡོན་པས་མཉམ་བཞག་ཚེ་བུམ་འཛིན། །གྲུབ་ཐོབ་རྒྱ་མཚོའི་དབུས་ན་བཞུགས། །གསོལ་འདེབས་ཟབ་ལམ་མྱུར་བགྲོད་ཤོག །དཔལ་མགོན་མ་ཧཱ་ཀ་ལའི་ཚོགས། །ས་ལམ་བགྲོད་ལ་ཕྲིན་ལས་མྱུར། །དེ་བཞིན་བདག་གི་ཝེར་མ་རྣམས། །འགྲོ་བའི་དོན་ལ་མེར་རྩེ་མཛོད། །ས་འདིའི་ས་ངོ་མ་ཤེས་ན། །བསྒོམ་ཁང་སྟག་རྩེའི་ཡང་ཐོག་ནི། །ཐུན་ཁང་འོད་ཕུང་འཁྱིལ་བ་རེད། །མཇལ་ན་ངན་སོང་ཞི་བའི་གནས། །བསྒོམ་ན་ཉམས་རྟོགས་འཕེལ་བའི་ཁང་། །ང་འདྲ་ང་ངོ་མ་ཤེས་ན། །ཚེ་སྟོད་ཁྲམ་པ་ཇོ་རུ་ཟེར། །རྨ་ལུང་ཨ་བྲའི་སྟག་བདུད་ཡིན། །དོན་དུ་བསད་ཚད་དག་ཞིང་སྤར། །ཞོར་དུ་འདྲེ་རྒོད་དམ་ལ་བཏགས། །ཚེ་སྐེད་དམག་དཔོན་དགྲ་འདུལ་ཟེར། །ཞི་བས་ཐབས་ཀྱིས་མ་གྲོལ་བའི། །སྨོན་ལོག་བདུད་ཀྱི་རིགས་རྣམས་བཏུལ། །སྐལ་མེད་རེ་གཉིས་མ་གཏོགས་པར། །གཏན་དུ་བདེ་བའི་གནས་ལ་བཀོད། །ཆོས་མེད་མཐའ་འཁོབ་མུན་གླིང་ལ། །མདོ་སྔགས་བསྟན་པའི་རྒྱལ་མཚན་བཙུགས། །དམུ་རྒོད་གྱོང་པོའི་སེམས་ཅན་རྣམས། །བྱང་ཆུབ་སེམས་ཀྱིས་བརླན་པར་བྱས། །དགེ་བཅུའི་ཁྲིམས་ཀྱི་དར་སྲོལ་བཙུགས། །རྒྱལ་བའི་ལུང་ཟིན་གཏེར་ཁ་རྣམས། །དུས་ཐོག་བཏོན་ཏེ་འགྲོ་དོན་བཞག །ས་བཅུད་ཡུལ་བཅུད་རྒྱས་པའི་ཕྱིར། །བཀའ་གཏད་ལྷ་ཀླུ་གཉེན་ལ་བྱས། །སེམས་ཅན་རེ་བ་བསྐངས་པའི་ཕྱིར། །ཐམས་ཅད་ནོར་གྱིས་ཚིམ་པར་བྱས། །བསོད་ནམས་སྔོན་བསགས་འབྲས་བུ་དེ། །བགོས་པས་འདྲ་མཉམ་མི་གནས་ཏེ། །གནས་སྐབས་ཐམས་ཅད་ཚིམས་པར་བྱས། །མཐའ་རྫོང་ཆེན་པོ་བཅོ་བརྒྱད་ཕབ། །ལོངས་སྤྱོད་ཅན་གྱི་རྫོང་ཕྲན་བདུན། །དཔུང་བཙན་རྫོང་ཆུང་བཅུ་གསུམ་བཅས། །མ་ལུས་དབང་དུ་བསྒྱུར་བའི་རྗེས། །མངོན་སྤྱོད་དྲག་ལས་ཚར་བའི་ཚུལ། །ཚེ་སྨད་བླ་མ་སེང་ཆེན་ཞེས། །རྒྱ་དཀར་ནག་བོད་གླིང་གཙོ་བྱས་པའི། །ཆོས་བྱེད་སློབ་མ་འབུམ་བཅུ་ལ། །གསང་སྔགས་ཉེ་བརྒྱུད་ཟབ་ཆོས་བསྟན། །ཉམས་རྟོགས་འབྲས་བུ་ཆེ་ཆུང་དང་། །རྟགས་དང་མཚན་མ་མྱུར་དལ་ལས། །འབྲས་བུ་མེད་པ་གཅིག་ཀྱང་མེད། །དེ་དཀོན་མཆོག་བདེན་པའི་མཐུ་སྟོབས་དང་། །རྗེ་པདྨ་འབྱུང་གནས་བྱིན་རླབས་རེད། །གླུ་འདིའི་གླུ་ངོ་མ་ཤེས་ན། །ཐེག་ཆེན་ཆོས་ཆར་འབེབས་གླུ་ཡིན། །དེ་ནས་རིགས་ལྡན་དགའ་བའི་གྲོགས། །ཁྱོད་ཀྱིས་དོན་ཆེན་ཞུས་པ་བཟང་། །ང་ཡིས་ལེགས་པར་བཤད་ཀྱིས་ཉོན། །སྐྱ་ལོ་ཕྱུག་གི་རྩ་བ་དང་། །བདག་གི་བཀོར་མཛོད་ཐམས་ཅད་བཅས། །མཁོ་དགོས་མེད་པའི་སྒྱུ་མ་ཡིན། །སྒྱུ་མའི་ནོར་ལ་སྙིང་པོ་མེད། །བསགས་ཆེ་ན་ཡི་དྭགས་སྐྱེ་བའི་རྒྱུ། །སྲེད་ཆེ་ན་སྡིག་པ་འཕེལ་བའི་གཞི། །ཆོས་ཕྱོགས་བཏང་བས་དོན་དང་ལྡན། །ད་དུང་ཅུང་ཟད་མ་ལུས་པར། །དམ་པའི་ཆོས་ཀྱི་རྩ་བར་ཐོངས། །དགྲ་འཆི་བདག་ནམ་ཡོང་ཆ་མེད་པས། །བྱ་རྒྱལ་འཕུར་ཤུལ་ཚང་འདྲ་དགོས། །ཆོས་པ་ཤི་བའི་རྗེས་ཤུལ་ལ། །དངོས་པོ་མེད་ན་འཁྲི་བ་མེད། །འཁྲི་བ་འཛིན་པ་འཁྲུལ་བ་གསུམ། །མཐོ་རིས་འགྲོ་བའི་གེག་ཡིན་པས། །དེ་རྣམས་མེད་པའི་འགྲོ་གྲབས་དགོས། །དེ་ནས་སེང་ལྕམ་དད་པ་ཅན། །བསྒོམ་ལ་ཨུ་ཚུགས་ཕོངས་སེམས་དང་། །འབད་པ་དྲག་བརྩོན་བྱེད་རྒྱུ་མེད། །བསྒོམ་འཛིན་ཞེན་ཆེ་ན་བར་ཆད་ཡོང་། །བསྒོམ་པ་མ་ཡིན་གོམས་པ་ཡིན། །བཅིངས་པ་མ་ཡིན་བཀྲོལ་བ་ཡིན། །འཛིན་པ་མ་ཡིན་སྟོང་པ་ཡིན། །སྣང་བ་གང་ཤར་འཛིན་མེད་ཐོངས། །བླ་མ་དུས་གསུམ་སངས་རྒྱས་ལ། །འདུ་བྲལ་མེད་པར་གསོལ་བ་ཐོབ། །གཡེང་མེད་སེམས་ཀྱི་ངོ་བོར་བལྟོས། །དད་པ་དག་སྣང་མོས་གུས་གསུམ། །བྱིན་རླབས་འཇུག་པའི་རྩ་བ་ཡིན། །རྩ་བ་དེ་གསུམ་མ་ལྡན་ན། །གདམ་ངག་གི་གཉེན་པོ་འཐོབ་རྒྱུ་མེད། །གསང་སྔགས་ཆོས་ནི་ཤིན་ཏུ་ཟབ། །དམ་ཚིག་ཚུལ་བཞིན་མ་སྲུང་ན། །ཡེ་ཤེས་མཁའ་འགྲོས་བཀའ་ཆད་ཡོང་། །ཉོན་མོངས་སྒྲིབ་པ་མ་དག་ན། །ཐེག་ཆེན་སྣོད་དང་ལྡན་ལེ་མིན། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །གཅིག་ཏུ་སྒྲིལ་ལ་གསོལ་བ་ཐོབ། །དགྲ་གཉེན་ལས་དང་སྙན་མིན་གཏམ། །བྱ་བ་རྟོག་པ་ཅི་འཆར་ཡང་། །དབྱེར་མེད་ངང་དུ་གུ་ཡངས་ཐོངས། །ལྟ་བ་ནམ་མཁའ་གཡའ་དག་ལ། །མཐའ་དབུས་མེད་པའི་བསྒོམ་ཞིག་གྱིས། །རིགས་དྲུག་སེམས་ཅན་མ་ལུས་པར། །ཐམས་ཅད་འདྲེན་པའི་སེམས་བསྐྱེད་གྱིས། །བླ་མ་མཇལ་དང་གདམ་ངག་ཐོབ། །བསྒྲུབ་པའི་གོ་སྐབས་ཐོབ་པ་འདིར། །སྐལ་བཟང་ཡིན་པས་དགའ་བ་གྱིས། །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ལྷ་མ་ཡིན་དང་ཚེ་རིང་ལྷ། །ཆོས་མེད་མཐའ་འཁོབ་ཀླ་ཀློ་བཅས། །ཤིན་ཏུ་ཡ་ངའི་གནས་ངན་ལས། །མྱུར་དུ་ཐར་བའི་སྨོན་ལམ་རྒྱོབ། །དཔལ་ཀུན་ཏུ་བཟང་པོའི་ཐུགས་ཀ་རུ། །སྐད་ཅིག་གིས་གྲོལ་རྒྱུར་འདུ་ས་གཏོད། །བླ་མའི་བྱིན་རླབས་ངང་གིས་འཇུག །བྱེད་པོ་བླ་མའི་བྱིན་རླབས་ཀྱིས། །བསྒོམ་འཆུགས་མེད་ཉམས་རྟོགས་འཕེལ་ནས་ཡོང་། །བླ་མ་ལས་ལྷག་པའི་སངས་རྒྱས་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ངོ་བོ་ཀུན་འདུས་བླ་མ་ཡིན། །དད་པ་མོས་གུས་ལྡོག་མེད་ཀྱིས། །རྒྱུན་དུ་གསོལ་བ་བཏབ་པས་ན། །ཉམས་རྟོགས་འཕེལ་རྒྱུར་གདོན་མི་ཟ། །ཉམས་དང་སྣང་བ་རྨི་ལམ་གསུམ། །བྱུང་ཡང་རང་གི་སེམས་ལས་བྱུང་། །ཐིམ་ཡང་རང་གི་སེམས་ལ་ཐིམ། །རླངས་པ་ན་བུན་སྨུག་པ་གསུམ། །བྱུང་ཡང་རྒྱ་མཚོའི་ཀློང་ལས་བྱུང་། །ཐིམ་ཡང་རྒྱ་མཚོའི་ཀློང་ལ་ཐིམ། །ཞེ་སྡང་ང་རྒྱལ་ཕྲག་དོག་གསུམ། །སྐྱེས་པ་སྡིག་པའི་སྟོབས་ཀྱིས་འཕེལ། །ཞི་བ་སྐུ་གསུམ་ཀློང་དུ་ཞི། །དེ་བཞིན་གནས་ལུགས་གཏན་ལ་ཕབ། །སེང་ལྕམ་སྡིག་པའི་རྩ་བ་ནི། །ཚེ་སྟོད་ཧོར་ཡུལ་འཁྱར་བའི་དུས། །གུར་དཀར་སྟག་ཞུ་རྒྱལ་པོ་ལ། །འགྱུར་མེད་རྟེན་ལ་མནའ་ཡང་བཞག །བཤགས་པ་མ་བྱས་སྡིག་པ་ལྷག །ཚེ་འདིར་བཤགས་པ་མ་བྱས་ན། །སྐྱེ་བ་བཟང་ཡང་དམྱལ་བར་ལྟུང་། །མཉམ་མེད་ཐུབ་པའི་དབང་པོ་ལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །མོའུ་འགལ་བུ་ཡིས་བཤགས་ཐབས་ཞུས། །མནའ་བཤགས་རིན་ཆེན་ཕྲེང་བ་བསྟན། །དེ་ནི་བཤགས་པའི་རྒྱལ་པོ་ཡིན། །རིན་ཆེན་གསེར་གྱིས་གླེགས་བམ་བྲིས། །སངས་རྒྱས་སྟོང་གི་མཚན་འབུམ་དེ། །དངུལ་དང་མཚལ་གྱིས་གླེགས་བུམ་བྲིས། །རྡོ་རྗེ་སེམས་དཔའི་སྐུ་བརྒྱ་བཞེངས། །དེ་ནས་མ་ལུས་བྱང་བར་འགྱུར། །ངས་གུར་དཀར་རྒྱལ་པོ་བསྒྲལ་བའི་རྗེས། །བྱེའུར་སྤྲུལ་ཏེ་གདུང་གསེབ་ཡིབ། །ཁྱོད་གང་སར་བལྟས་ནས་ཕྱིར་ལོག་དུས། །ཧོར་རྗེ་བསྒྲལ་བས་སྡུག་བསྔལ་གྱིས། །སྨོན་ལམ་ལོག་པས་གྲི་བསྐོར་འཕངས། །བྱེའུའི་སྒྲོ་གཏོར་བཀྲོངས་པར་ཉེ། །ང་ནི་རྒྱལ་བ་རིགས་གསུམ་དངོས། །གྲི་བསྐོར་འཕངས་པ་མཚམས་མེད་ལས། །ངའི་མདུན་བཤགས་པ་མ་བྱས་ན། །ལྷ་མིན་འཐབ་རྩོད་ཡུལ་དུ་སྐྱེས། །མི་ལོ་ལྔ་བརྒྱའི་རིང་གང་དུ། །མཚོན་ཆས་གཏུབ་སྟེ་ཤི་གྲངས་མང་། །དེ་ནི་ལས་ཀྱིས་སྟོབས་ཡིན་པས། །ཁྱོད་སྐྱེ་བ་མཐོ་ཡང་ལྡོག་ཐབས་མེད། །ད་ལྟར་བཤགས་ཐབས་ངས་བསྟན་ཏོ། །སྐུ་གདུངས་མཆོད་རྟེན་ཆ་བརྒྱད་བཞེངས། །མདོ་སྡེ་སྐལ་བ་བཟང་པོ་དེ། །རིན་ཆེན་གསེར་གྱིས་གླེགས་བམ་བྲིས། །དད་ལྡན་འདུས་པ་རྒྱ་མཚོ་ལ། །བསྙེན་བཀུར་མང་ཇ་དར་འགྱེད་ཐོངས། །རྡོར་སེམས་ཀུན་རིག་མི་འཁྲུགས་པ། །སངས་རྒྱས་སྨན་བླ་འོད་དཔག་མེད། །དེ་བཞིན་སྤྱན་རས་གཟིགས་དབང་སྐུ། །རིན་ཆེན་གསེར་གྱིས་ན་བཟའ་གསོལ། །ཚ་ཚ་རྡོ་འབུམ་ཇོ་དར་སོགས། །བྱིན་རླབས་ཆེ་བས་གྲངས་མང་བཞེངས། །སྲོག་ཆགས་འབུམ་གསུམ་ཚེ་ཐར་གྱིས། །མཆོད་རྟེན་གཙུག་ལག་ཉམས་རལ་ལ། །ཞིག་གསོ་དང་ནས་དཀར་རྩི་གསོལ། །མ་ལུས་དག་པའི་འདུ་ས་གཏོད། །དེ་ནས་ཡོངས་སུ་བྱང་བར་འགྱུར། །ཅེས་བཀའ་བསྩལ་བ་དང་དགེ་མ་འབྲུག་མོས་ལེགས་སོ་ཞུས་ནས་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་ཏེ་ཉིན་དེ་ནས་བཟུང་བཀའ་དོན་རྣམས་མྱུར་དུ་བསྒྲུབ་རྒྱུའི་ཐུགས་ཐག་བཅད་དོ། །

འཕྲོ་དྲྭ་ངོས་སྟེང་མར་གཟིགས། 

 

 

 

ཀློག་གྲངས།:[638]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com