གླིང་དཀར་དཔའ་བོའི་རྟོགས་བརྗོད་རིགས་ཀྱི་དགྲ་ལྷ་འབོད་པའི་གད་རྒྱངས།
རྩོམ་པ་པོ། ཁམས་སྲས།
སྐུ་སྐྱེས་མཆོག་ནོར་བུ་དགྲ་འདུལ།
རིགས་གསུམ་རྒྱལ་བའི་གྲུབ་པའི་བཅུད་ལེན་སྒྱུ་འཕྲུལ་སྟངས་སྟབས་འཇིགས་མེད་རྡོ་རྗེའི་གར་གྱི་རྣམ་རོལ་རིག་འཛིན་དབང་གི་རྒྱལ་པོའི་སྐུར་བཞེངས་ལས་བཞིའི་དབང་ཕྱུག་དགྲ་ལྷའི་སྲོག་ཤིང་འཛམ་གླིང་ཡོངས་ཀྱི་ངོ་མཚར་སྙན་པ་མི་ཡི་ཉི་མ་སེང་ཆེན་རྗེ།།
གཡུལ་ལ་དགའ་ཞིང་དམག་ལ་དགྱེས་པའི་ནོར་བུ་དགྲ་འདུལ་སྐྱེ་མཆོག་གང་དེས་དགྲ་ལྷའི་སྐུ་ཆས་སྐུ་ལ་རྫོགས་ཤིང་རྫུ་འཕྲུལ་ལྷ་རྟ་རྐྱང་རྒོད་ཕེར་པོ་ཝེར་མ་རྒྱ་མཚོའི་སྤྲིན་ཕུང་ཚོགས་བཅས་ཆེ་བཙན་འགྲན་བྲལ་བསྐལ་པའི་མེ་དཔུང་འཇིགས་ཟིལ་གྱིས།།
དཀར་ཕྱོགས་རྒྱལ་བའི་རུ་མཚོན་འབྲུག་སྒྲ་དགྲ་ལྷ་དགྱེས་པའི་གད་རྒྱངས་འཁྲོལ་བཞིན་སྣང་སྲིད་དྲེགས་པའི་སྲོག་ལ་གཟེར་ཞིང་ཡེ་ཤེས་ལས་དང་འཇིག་རྟེན་སྡེ་བརྒྱད་བྲན་དུ་བཀོལ་ཏེ་འཛད་མེད་ནོར་གཡང་གཏེར་ལ་དབང་འབྱོར་སྐྱེ་མཆོག་འཛམ་གླིང་རྒྱལ་པོ་ཞེས།།
ལྷ་ཀླུ་མཉེན་གྱི་དམག་ཚོགས་བྱེ་བའི་ཡན་ལག་བཞི་ལྡན་འཁོར་འདས་འདོད་རྒུར་སྒྱུར་བའི་ལྷ་དེས་ཁམས་གསུམ་མ་ལུས་དབང་དུ་སྡུད་ཅིང་སྲིད་གསུམ་ཀུན་ལས་རྣམ་པར་རྒྱལ་བའི་བདུད་འདུལ་ལས་ཀྱི་པདྨའི་ཕོ་ཉ་དབང་གི་རྒྱལ་པོ་ལྷ་ཡི་སྲས།།
མ་ཨ་ནེ་གུང་སྨན་རྒྱལ་མོ།
འཇའ་འོད་མེ་ཏོག་བརྩེགས་པའི་གུར་ན་སྣང་སྲིད་གསལ་བའི་མེ་ལོང་ཞིག།
སྲབ་མེད་སེང་གེ་དཀར་མོའི་གོང་ན་མཚར་སྡུག་ལུས་ཕྲའི་འཇོ་སྒེག་ཅིག།
དགོས་པའི་ལས་ལ་གློག་ལྟར་མྱུར་བའི་གསལ་སྒྲིབ་མེད་པའི་ལུང་བསྟན་ཞིག།
མངགས་པའི་བུ་ལ་མ་ལྟར་བརྩེ་བའི་ཚད་མེད་སྙིང་རྗེའི་བདག་མོ་ཞིག།
མཁར་སེང་འབྲུག་སྤྲུལ་པའི་ཕོ་བྲང་།
ལྷ་ཀླུ་མཉན་གྱི་རྫུ་འཕྲུལ་མཐུ་ཡིས་སྣ་ཚོགས་རིན་པོ་ཆེ་ལས་གྲུབ།།
གཞལ་མེད་ཚོམས་ཆེན་ཀ་བ་སྟོང་ལ་སངས་རྒྱས་སྟོང་གི་སྣང་བརྙན་བཀྲ།།
བརྗིད་ཆགས་གསེར་གྱི་རྒྱ་ཕིབས་འོག་ན་དམར་ཆུང་བྱུ་རུའི་སྤེན་རྒྱན་མཛེས།།
ཙནྡན་སྒོ་མོ་བརྒྱད་ཅུའི་ཕྱི་ན་ཁྲོ་ཆུ་ཞུན་མའི་ལྕགས་རིས་བསྐོར།།
ཆིབས་འདོ་རྗེ་རྐྱང་རྒོད་ཕེར་པོ།
དུད་འགྲོའི་ཕྱུགས་ཀྱི་གཡང་དུ་ཆགས་པས་བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐིབ།།
རྨིག་བཞི་རླུང་གི་བང་རྩལ་ལྡན་པས་རྒྱུགས་འདོད་གོམ་ཁ་ཀྱི་ལི་ལི།།
ཅང་ཤེས་རྟ་ཕོའི་མཚན་ཉིད་ཚང་བས་རྐང་བཞིའི་འགྲོས་སྟབས་ལྡེམས་སེ་ལྡེམ།།
རྐྱང་རྒོད་རྐྱང་གི་རྩེ་ཡ་ཡིན་པས་འདྲོགས་འདོད་རྣ་རྩེ་ཤིགས་སེ་ཤིག།
གླིང་དཀར་པོའི་གྲལ་མཐའ་རྣམ་གཉིས།
བོད་ཕྲུག་མི་ཆུང་ཁ་བདེ།
ལྷུ་དྲུག་ལུས་ཀྱི་གཟུགས་བོང་ཆུང་ཡང་གྲུ་བཞི་ཁ་ཡི་སྒོ་མོ་བྱེ།།
སྐྱེས་བུ་དོན་གྲུབ་བྱང་དུ་ཕེབས་དུས་ལམ་ཕྱོགས་ནོར་ཏེ་ཧོར་ལ་འཁྱམས།།
ནག་པོ་རྒྱ་ཡི་ཇ་གཡང་བླངས་དུས་རྒྱ་བཟའི་ཁ་ལ་སྐྱེངས་པ་སྟེར།།
གཡོག་པོའི་མིང་གི་ཆོ་ལོ་དམན་ཡང་སྟག་རོང་དཔོན་ལས་ཁེ་དྲག་བཙན།།
ཁྱི་ཤི་བུ་ཡི་སྒུ་རུ།
དལ་བའི་རྟེན་ལ་འཁྱོག་པོའི་ལུས་ཅན་སྔོན་བསགས་ལས་ཀྱི་འབྲས་བུ་ནག།
མི་ཡི་གྲལ་ནས་བརྙས་པའི་སྡུག་གྱོང་སུ་དང་གང་གིས་བཟོད་ཐབས་བྲལ།།
ཡོད་རབས་བཅོ་བརྒྱད་ཁ་ཕོ་བསྒྲགས་ཏེ་སྤྲང་ཕྲུག་ཇོ་རུར་འགྲན་ཡ་བཙུགས།།
རྐྱང་རྒོད་ཁྲོས་པའི་རྡོག་ཐོ་གཅིག་གིས་རྟ་རྒྱུགས་ལྟད་མོ་མིག་ལས་ཡལ།།
གླིང་གི་ཕ་ཁུ་རྣམ་བཞི།
ཡབ་འགྲན་མེད་སེང་བློན་རྒྱལ་པོ།
བྱམས་དང་སྙིང་རྗེའི་རང་དབང་ཐོབ་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པར་གྲགས།།
དགྲ་དང་དམག་ལ་མི་ཚེ་སྐྱེལ་ཡང་མདའ་མོ་སོར་ཙམ་འཕངས་རབས་མེད།།
རྨི་ལམ་བཟང་པོའི་སྟེས་དབང་ཞིག་གིས་ར་ལོ་སྟོན་པའི་མཚེར་ཤུལ་ནས།།
ཡུམ་ཆེན་རྒྱ་བཟའི་སྙིང་ལ་གཟན་པའི་འགོག་བཟའ་ཀླུ་མོ་གནང་ལ་ཐོབ།།
ལྡོང་སྤྱི་དཔོན་རོང་ཚ་ཁྲ་རྒན།
ལྡོང་གི་མ་ཡིག་ལུང་བསྟན་ནང་དུ་འཁོར་འདས་གསལ་བའི་མེ་ལོང་ཡོད།།
ཤར་སྟོད་ཁྲ་ཕུ་འཛམ་གླིང་ལ་ཁར་སྲིད་པ་རྒན་པོའི་རྡོ་རིང་ཡོད།།
ཡག་ཉེས་བྱུས་ཀྱི་ཇུ་ཐིགས་ཁྲ་བོ་ཁྲ་རྒན་བློ་ཡི་སྡོང་པོ་ཡོད།།
དལ་བ་རིང་མོའི་འགྱུར་ཁུག་རེ་ལ་ཚོ་དྲུག་གླིང་གི་ལས་དབང་ཡོད།།
ལྡོང་མ་བཞི་དཔོན་པོ་ཁྲོ་ཐུང་།
གཟིག་ལྤགས་ཁྲ་མོའི་གདན་གྱི་སྟེང་དུ་སྲིན་རྒོད་བཏུལ་བའི་དཔའ་གཏམ་བསྒྲགས།།
ན་ཆུང་མཛེས་པའི་མིག་ཟུང་ངོས་སུ་རང་ཚུགས་ཤོར་བ་བྱིས་པའི་གཤིས།།
རྫོང་ཆེན་བཅོ་བརྒྱད་གླེགས་བམ་ནང་དུ་ཕྱི་ནང་བརྗེས་པའི་ཡིག་འབྲུ་མོད།།
ཁྲོ་རྒྱལ་དམར་པོའི་སྤྲུལ་བའི་སྒྱུ་འཕྲུལ་ཝ་མོའི་སྙིང་ལ་སྟག་མོའི་ཁ།།
སྒ་སྐྱ་ལོ་སྟོན་པ་རྒྱལ་མཚན།
ས་བཅུད་ཀུན་འཛོམས་བཀྲ་ཤིས་ར་བ་རྨ་སྟོད་གཡང་གི་ཐིག་ལེ་རུ།།
གནག་ཕྱུགས་ཁྱུ་ཡིས་ལོ་གསུམ་ལམ་ལ་ཁྱབ་པའི་སྙན་པ་གྲགས་ལྡན་ཞིང་།།
འཛད་མེད་གནོད་སྦྱིན་གཏེར་ལ་དབང་འབྱོར་དགོས་འདོད་ལོངས་སྤྱོད་ཆར་འབེབས་པའི།།
མཚར་སྡུག་གཡེར་ཆེན་མཛེས་མའི་ཡབ་གཅིག་སྐྱ་ལོ་སྟོན་པ་ནོར་གྱི་བདག།
དྭངས་སྨན་ཌཱ་ཀི་སྡེ་ལྔ།
ཡུམ་ཆེན་འགོག་བཟའ་ཀླུ་མོ།
འབྱོར་ལྡན་ཀླུ་ཡི་སྲས་མོར་གྲགས་ཀྱང་རྨ་སྨད་ཨབ་བྲའི་འཚོ་བ་སྐྱེལ།།
རིགས་བཟང་ཌཱ་ཀིའི་སྐྱེ་བ་ཡིན་ཡང་ལས་ངན་སྡུག་བསྔལ་རྒྱུན་ཆད་མེད།།
ཨོ་རྒྱན་སྤྲུལ་པའི་ཡུམ་ཆེན་ཡིན་ཡང་སྐྱིད་སྡུག་དགོ་ཕོའི་རྭ་ཚིགས་འདྲ།།
འཛམ་གླིང་རྒྱལ་པོའི་སྲུང་བ་བཙན་ཀྱང་ལྕགས་སྲེག་ས་གཞིའི་སྒོ་མ་ཁོག།
སྐྱ་ལོའི་སེང་ལྕམ་འབྲུག་མོ།
འཇོ་སྒེག་ལང་ཚོ་རྨ་བྱའི་གར་གྱིས་སྲིད་གསུམ་མཛེས་མའི་བཅུད་ལེན་མ།།
སྔོན་བསགས་ལས་ཀྱིས་ཐོབ་པའི་སྐྱེ་གཟུགས་མི་འདོད་སྡུག་གི་སྣ་འདྲེན་མ།།
བྱས་པ་མེད་ཀྱང་ལས་བསྐོས་ཤིག་གིས་དམར་ནག་གྱོད་ཀྱི་སྡོང་པོ་མ།།
ཕྱོགས་ཀྱི་རྫོང་ཆེན་གནང་དུ་ལེན་དུས་རྟེན་འབྲེལ་ཁ་ལ་གཡང་ཆགས་མ།།
སྔོ་ལོ་སྐྱིད་ཀྱི་ནེའུ་ཆུང་།
ཚིགས་དྲུག་སྨྱུག་མའི་པད་དཀར་ལྗོན་པར་དར་ཟབ་གོས་ཀྱི་ཤམ་བུ་འཕྱང་།།
རྒྱ་ལྕང་ལོ་མའི་དབུ་སྐྱེས་ལན་བུར་གཡུ་ཆུང་འོ་མའི་ཞུན་ཐིགས་བརྒྱན།།
འཁྲིལ་བག་སྐེད་པའི་སྦ་དཀར་ལྡེམ་པར་དུང་ཆབ་ཟླ་བ་རང་ཤར་བཅིངས།།
ཉ་གང་བཅོ་ལྔའི་དཀྱིལ་འཁོར་ངོས་སུ་ལྷོད་ཆགས་འཛུམ་པའི་ཟུར་མིག་གཡོ།།
གྲོ་ལོའི་པད་དཀར་ལྷ་མཛེས།
མཛེས་སྡུག་གེ་སར་བྱེ་བའི་ཀློང་ན་སྙན་འཇེབས་དྲི་ཟའི་རོལ་མོ་མཁན།།
རེག་འཇམ་འཇའ་འོད་བླ་རེའི་གུར་ན་སྒེག་ལྡེམ་གར་གྱི་རོལ་རྩེད་མཁན།།
ཡིད་འཕྲོག་མཛེས་པའི་སྒྱུ་མའི་འཁྲི་ཤིང་ལན་ཆགས་བློ་ཡི་ཁབ་ལེན་མཁན།།
གསེར་དང་དངུལ་གྱི་དེམ་བུ་ནང་ནས་ཇ་དང་ཆང་གི་མཆོད་སྤྲིན་མཁན།།
ཁྲོ་ཐུང་བུ་མོ་ཁྲོ་མཚོ།
ཡིན་མདོག་སྒེག་པའི་གར་སྟབས་མཛེས་ཀྱང་བབ་ཆགས་བོད་མོའི་རང་གཤིས་བྲལ།།
ཡོན་ཏན་འབྲས་བུ་ཁུར་གྱིས་སྟོང་ཡང་རང་སྣང་སྙེ་མའི་མགོ་འཕང་མཐོ།།
མ་མཛངས་འདན་བཟའི་རིགས་ལས་འཁྲུངས་ཀྱང་ཅོང་ཆུང་རྒན་པོའི་ཁྲག་གིས་བསླད།།
ལྷ་དིལ་མགོ་ནས་རང་མཚང་ཤོར་བ་ཁྲོ་རྒྱལ་སྲས་མོ་མ་ཡིན་ནམ།།
སྣང་ཆུང་མེ་ཏོག་རྣམ་བདུན།
སྲས་སྣང་ཆུང་དགྲ་ལྷ་རྩེ་རྒྱལ།
རྟེན་མཆོག་རིན་ཆེན་མི་ཡི་ལུས་ལ་ཡིད་འཕྲོག་ཞལ་གྱི་དུང་ཟླ་དཀར།།
འགྲན་མེད་དམར་ཆུང་སྙིང་གི་དབུས་ན་དམར་ཡག་སྟག་གི་ཐིག་ལེ་བཀྲ།།
ལས་ངན་ཉམས་པའི་དགྲ་བོ་སྟེང་དུ་ཡ་མེད་བཙན་རྒོད་དུག་གི་སྡོང་།།
ལྷུན་ཆགས་ཚོ་དྲུག་གླིང་རུ་སྡེ་བའི་མི་ལས་འདས་པའི་ཡིད་བཞིན་ནོར།།
འདན་སྲས་ཆུང་གཡུ་འོད་འབུམ་མེ།
ཞལ་རས་ཤེལ་གྱི་ལྷུན་པོའི་དཀྱིལ་འཁོར་ལི་ཁྲི་དམར་པོའི་མདངས་ཀྱིས་མཛེས།།
དཔའ་རྟུལ་རྒྱུ་སྐར་ཁྲ་མོའི་དབུས་ན་ཟླ་བ་སྟོང་གི་གཟི་མདངས་ཅན།།
དུང་སེང་དཀར་མོ་གངས་ལ་འགྱིང་འདྲའི་སྲས་ཆུང་གཡུ་འོད་འབུམ་མེ་ཞེས།།
འཛམ་གླིང་མི་ཡི་གཡང་དུ་ཆགས་པ་དགྲ་ལྷ་ཝེར་མའི་བཙན་རྫོང་དངོས།།
སྲས་སྣང་ངུ་གཡུ་ཡི་མེ་ཏོག།
གོང་མ་ལྷ་ཡིས་བསྐོས་པ་མིན་ཡང་ལྷ་ཕྲུག་གཞོན་ནུ་དུང་གི་ཞལ།།
འགྲོ་བའི་རེས་ལ་བབ་པ་མིན་ཡང་མ་བཞི་དཔོན་གྱི་གཡོ་ཐབས་ཀྱིས།།
གཡུལ་གྱི་རྩལ་དྲུག་རྫོགས་པ་མིན་ཡང་བཅུ་གསུམ་ལོ་ཡི་ཁེར་རྒྱུགས་དེས།།
ཁྲ་རྒན་དཔོན་གྱི་རེ་བའི་མེ་ཏོག་ཨ་ལྔ་མདའ་མོའི་སད་ཀྱིས་བཅོམ།།
སྲས་ཆུང་ཆུང་ལྷ་རྒོད་འབུམ་ལུ།
མཐོང་བ་ཙམ་གྱིས་ཡིད་དབང་འགུགས་པའི་ཟླ་གཞོན་བྱེ་བའི་འཛུམ་དཀར་ཅན།།
རི་དབང་འབུམ་གྱི་དཔལ་ལ་འཁུ་བའི་བསྐལ་པའི་ཞུགས་ཀྱི་གཟི་བརྗིད་ཅན།།
སྡིག་ཅན་དོན་སྙིང་ལྐོག་མར་འབྱིན་པའི་རྡོ་རྗེ་ཁྲོས་པའི་ཞེ་སྡང་ཅན།།
དུག་མཚོ་ཁོལ་མའི་དམག་གི་སྲོག་ཤིང་ཨ་ཁུ་དཔོན་གྱི་དཔྲལ་བའི་མིག།
དཔའ་ནུ་བོ་རོང་ཚ་དམར་ལེབ།
འདབ་སྟོང་པདྨའི་དཀྱིལ་འཁོར་ཇི་བཞིན་མཛེས་པའི་འཛུམ་མདངས་ཉམས་རེ་དགའ།།
རྒྱལ་མཚན་ཏོག་གི་ནོར་བུ་ཇི་བཞིན་བརྗིད་པའི་སྐུ་ལ་གཡང་རེ་ཆགས།།
གསེར་རིའི་དབུས་ན་ལྷུན་པོ་ཇི་བཞིན་ཁྲ་མོ་གླིང་ལ་དྭངས་རེ་སྤྲོ།།
ཤན་རྒོད་བཞི་ཡི་རལ་གྲིའི་སོ་ཁར་ནུ་བོ་དམར་ལེབ་ཡ་རེ་ང་།།
གདོང་བཙན་པོའི་སྣང་ངུ་ཨ་དཔལ།
ས་སྟེང་མགྱོགས་པའི་བང་རྩལ་རྫོགས་པ་འདོ་བ་གཡུ་བྱ་རྟེའུ་སྔོན་ཞེས།།
སྤུ་ཉག་རེ་ལ་གསེར་སྲང་མཉམ་པའི་སྟག་རོང་ནོར་གྱི་བང་མཛོད་དེས།།
ནོར་བུ་ཆ་བདུན་རྒྱན་ལ་བཞག་པའི་གསེར་ཁྲི་སེར་པོའི་ལས་དབང་ལ།།
མྱུར་བའི་བང་གིས་སྔོན་ལ་ཆོད་ཀྱང་གོང་མ་ལྷ་ཡི་ཕྱོགས་རིས་ཀྱིས།།
སྐྱ་ལོའི་བུ་ཡག་འབྲུག་རྒྱལ།
ལེགས་བྱས་དཔལ་གྱི་དྲོད་ཀྱིས་ཉེར་བསྐུལ་ས་སྟེང་དགའ་བའི་དཔྱིད་དུ་སྨིན།།
དྲི་མེད་ཞལ་གྱི་མེ་ལོང་ངོས་སུ་རབ་དཀར་ཚེམས་ཀྱི་མུ་ཏིག་མཛེས།།
སྤོས་དཀར་ས་མཆོག་ལྗོན་པའི་ལུས་ལ་རྒྱན་བཟང་ལོ་མའི་ཁུར་གྱིས་དུད།།
མཐོན་མཐིང་བཻཌཱུའི་རྒྱལ་མཚན་རྩེ་ན་དར་འཕྲུ་ནོར་བུའི་ཏོག་གིས་བརྒྱན།།
ཡང་ཐུལ་དམ་པའི་མི་བདུན།
དཔའ་རྒྱ་ཚ་ཞ་ལུ་དཀར་པོ།
དཔའ་བའི་རྩལ་ཆེན་ལུས་ལ་རྫོགས་པའི་སེང་གེ་དཀར་མོའི་གཡུ་རལ་ངོམས།།
རྒོད་པོའི་དྲག་རྩལ་ཁྲོ་ཆུའི་ཕ་བོང་ལན་མེད་གནམ་ལྕགས་ཐོག་གི་བུ།།
ཧོར་དམག་ཁྲག་གི་རྒྱ་མཚོ་བསྐྱིལ་མཐར་རྡོ་རྗེའི་གོ་ཁྲབ་ཚེ་ཡི་གོས།།
དོང་དུ་སྦས་ཏེ་གཅེས་པའི་ཚེ་སྲོག་སྡིག་སྤྱོད་ཤན་པའི་མདུང་རྩེ་ན།།
གླིང་སྟག་རོང་ཨ་ནུ་གཟིག་འཕེན།
ལོག་སྨོན་བདུད་ཀྱི་ཚང་ཚིང་སྲེག་ལ་རྟ་གདོང་རྒོད་མ་ཁ་ཡི་ཟླ།།
དཔའ་རྒོད་དོམ་ནག་མྱོས་པའི་སྙིང་ལ་གཏུམ་རྔམས་སྲིན་པོའི་མཆེ་བ་གཙིགས།།
མགྱོགས་པ་ཕོ་རོག་སྟོང་འཁྱམ་ཞོན་ཏེ་ཧོར་སྒར་ཁྲག་ལ་བསྒྲེས་པའི་མཐར།།
རྨ་ཆུའི་ནང་དུ་སྲོག་གི་ལྷག་མ་སྟོབས་ཆེན་ཁྲ་འབར་ཞགས་སྣེ་ནས།།
དཔའ་མི་འགྱུར་ཉ་ཚ་ཨ་བརྟན།
དྲེགས་ལྡན་མཐོ་པོ་གཉའ་ནས་གནོན་ལ་ར་ཧུ་གཟའ་ཡི་གདོང་པ་བཞིན།།
མ་ནུས་ཉམ་ཆུང་བྱམས་ཀྱིས་སྐྱོང་བར་སྡུག་པའི་བུ་ལ་ཡུམ་ཆེན་བཞིན།།
བདེན་པའི་ལམ་ལ་དྲང་པོའི་བློ་ཅན་མཁའ་དབྱིངས་མཐོན་པོའི་དགུ་ཚིགས་བཞིན།།
རྟ་མཆོག་གངས་རི་ལྡིང་ཤེས་གོང་ནས་སྨུག་པོའི་རྫ་ཡི་གྲིབ་སོ་བཞིན།།
གདོང་ཆོས་ལུ་བུ་ཡི་དར་འཕེན།
བྱ་ནག་ལྡིང་རྫོང་ཕོ་བྲང་ནང་གི་མི་སྨུག་ཁྱུང་གི་གཟི་མདངས་ཅན།།
སྨུག་པོ་གདོང་གི་རིགས་རྒྱུད་མ་ཆད་ཆོས་ལུ་བུ་ཡི་དར་འཕེན་ཞེས།།
སྐྱ་རེངས་མདུང་མོའི་འཕྲུལ་འཁོར་མཐོང་ན་འཆི་བདག་བདུད་ཀྱང་ཕྱི་ནུད་ཤོར།།
མགྱོགས་པ་སྨུག་གུའི་རླུང་འཛིན་རྒྱུགས་ན་འདབ་ལྡན་ནམ་མཁའི་བྱ་ཡང་ཟིན།།
གཟུ་ཆེན་ཝེར་མའི་ལྷ་དར།
རྣམ་དཔྱོད་རབ་ཡངས་བློ་གྲོས་མཁའ་ལ་གཟུར་གནས་བདེན་པའི་སྐར་ཆེན་འཛུམ།།
ལེགས་ཉེས་དཀར་ནག་ཉིན་མཚན་མ་འདྲེས་དྲང་ཚུགས་མཆུ་ཡིས་འོ་ཆུ་འབྱེད།།
ཁྱོད་དང་ང་ཡི་ངོ་མདོག་མི་འཚོ་དབང་ཆེན་དཔོན་པོའི་ཁྲིམས་ལུགས་སྐྱོང་།།
འདོ་བ་ངང་པ་གསེར་ལྡན་གོང་གི་གཟུ་ཆེན་དཔའ་བོ་སྨྱུག་མའི་མདའ།།
འབྲུ་མི་དཀར་ལྷའུ་བསམ་འགྲུབ།
སྡེ་བརྒྱད་ཁྲོས་པའི་སེར་སྤྲིན་མ་ཡིན་དཔའ་པོའི་གདོང་ལ་སྲིན་པོའི་གཟུགས།།
རི་རབ་བཟུང་བའི་ཁྱུང་ཆེན་མ་ཡིན་སྒོ་ངའི་ནང་ནས་གཤོག་དྲུག་རྒྱས།།
གནམ་ལ་བསྙེགས་པའི་ས་འཛིན་མ་ཡིན་མི་འགྱུར་ར་མཁར་ལྡན་པའི་རྫོང་།།
ས་ལ་སྐྱེས་པའི་རྩི་ཐོག་མ་ཡིན་འབྲུ་སྡེ་མི་འགྱུར་རི་ཁའི་རྩྭ།།
མི་ཆེན་རྒྱལ་བ་ལྷུན་གྲུབ།
གྱི་ལིང་གྭ་བ་ཡ་མེད་གོང་ནས་ཐང་དཀར་རྒོད་ལ་བང་ཡ་འགྲན།།
གླང་ཆེན་དགུ་ཡི་སྟོབས་ཤུགས་བསྐྱེད་དེ་ལྗིད་ཆེན་རི་བོ་པང་དུ་ལེན།།
རུ་ཏྲའི་སྲོག་སྙིང་ཧ་ལ་འཕེན་པའི་འཆི་བདག་ལས་ཀྱི་གཤིན་རྗེ་དངོས།།
གཡུལ་རྒྱལ་ལྷ་ཡི་རྔ་སྒྲ་ཆེན་མོ་ཚངས་པའི་འཇིག་རྟེན་རྩེ་རུ་རྡུང་།།
ཞེ་ཐུལ་ཁྲ་གླག་སྤྱང་གསུམ།
སེང་ཨ་དོམ་མི་ཡི་སྤྱང་ཀི
མགྱོགས་པ་རླུང་གིས་བང་ཁ་མི་ཟིན་སྟོང་རི་ནོར་གྱི་བང་མཛོད་སྟེང་།།
དོམ་ནག་རཀྟའི་རྦ་ཀློང་འཁྲུགས་པའི་དར་རྗེ་མི་ཡི་སྤྱང་ཀི་དེའི།།
ཕྱིན་ལོག་དྲེགས་པའི་སྲོག་ལ་རྔམ་པའི་ལེབ་ཆེན་མཚོན་གྱི་སོ་ཁ་ན།།
མ་རུངས་སྨོན་ལོག་བདུད་དམག་བྱེ་བའི་མགོ་སྐེ་སྙེ་མའི་ཕོན་པོ་བཞིན།།
བློན་ཚ་ཞང་འདན་མ་བྱང་ཁྲ།
ལང་ཚོ་ལྗོན་པའི་འདབ་མ་སྔོ་ཡང་སྙིང་སྟོབས་སྡོང་པོའི་རྩ་བ་བརྟན།།
གཡུ་འབྲུག་སྔོན་མོ་མཚོ་ནས་ལངས་འདྲའི་ཉག་ཕྲན་མདའ་ཡི་ཁ་ལོ་པ།།
ཁྲི་སྐོར་བཅུ་གཉིས་དམག་གི་བདག་པོ་གཡུ་རྒྱལ་ཐོག་རྒོད་འདན་མ་བློན།།
ཕར་རྒྱག་དགྲ་ལ་རུ་འདྲེན་མགོ་མ་ཚུར་ཡོང་རྒྱབ་ཀྱི་སྲུང་མ་ཡིན།།
འབྲུ་དགའ་བདེ་ཆོས་སྐྱོང་བེར་ནག།
ཁྱུང་མདོག་རྫ་ཡི་ལྕགས་སྡོང་ནག་པོ་དྲག་ཏུ་འཁྲིགས་པའི་ཆར་སྤྲིན་གྱིས།།
གཏུམ་པའི་གཟུགས་འཆང་མི་ནག་རྟ་ནག་ནག་པོ་དགུ་ཡིས་བསྐོར་བའི་བུ།།
གླང་ཆེན་བརྒྱ་ཡིས་འགྲན་པར་མི་ནུས་དཔུང་པའི་ཤེང་མོང་གཅིག་གིས་ཀྱང་།།
ས་འཛིན་རི་བོ་པང་དུ་ལེན་པའི་ཆོས་སྐྱོང་བེར་ནག་བདུད་ཀྱི་གཤེད།།
གླིང་གི་སྤྱི་ཁྱབ་རྣམ་གསུམ།
སྟོད་གསེར་བའི་ཉི་འབུམ་དར་ཡག།
རབ་བརྗིད་སྐུ་མཆོག་ལྷུན་པོའི་རི་བོ་ཉིན་བྱེད་འབུམ་གྱིས་འཁྱུད་པའི་རྗེ།།
གསེར་འཕྲུ་ཅན་གྱི་དམག་གི་རུ་འདྲེན་སྟོད་གླིང་གསེར་པའི་སྙིང་གི་ནོར།།
འཛམ་གླིང་རྒྱལ་པོའི་བཀའ་ཡི་ཕོ་ཉ་ལས་བཞི་སྒྲུབ་པའི་བྱ་ར་བ།།
རྩལ་དྲུག་གློག་གི་ཞགས་པ་དམར་པོ་བསྟན་དགྲའི་སྲོག་ལ་ཧོ་མ་ཡ།།
བར་འོམ་བུ་ཨ་ནུ་དཔའ་སེང་།
བར་གླིང་འོམ་བུ་ཚོ་དྲུག་བཟུང་སྟེ་ངམ་ནག་བདུད་མཚོ་རླུང་གིས་དཀྲུགས།།
འཇིགས་པའི་གཟུགས་ལ་དྲག་པོའི་སྤྱན་དམར་འབྲོག་རྒོད་རྫ་ལ་འགྱིངས་བ་འདྲ།།
གུ་ཟི་མཚོན་ལ་རང་དབང་ཐོབ་སྟེ་ལན་མེད་གློག་གི་དར་ལྕེ་གཡུག།
བཙན་པོའི་འཁོར་གསུམ་སྐེ་ལ་བསྐོར་ན་དམར་གསོད་ཁྲག་གི་ཡུར་ཆུ་བཞུར།།
སྨད་དམུ་སྤྱང་རིན་ཆེན་དལ་ལུ།
དུང་མཁར་མུན་པ་འཚུབ་མེད་ནང་གི་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ།།
སྨད་གླིང་དམུ་སྤྱང་སྡེ་བཞིའི་མཁའ་ལ་ཕོ་ཐོང་འབྲུག་གི་གཡུ་རལ་རྒྱས།།
འདོ་བ་གངས་རི་འཚུབ་ཤེས་སྟེང་དུ་འབར་བའི་མཚོན་གྱི་གདེང་ཀ་ཅན།།
བསྟན་ལ་འཁུ་བའི་ནགས་ཕྱོགས་སྲིན་པོ་ཕྱི་མའི་ཡུལ་ལ་ལྟད་མོར་རྫོངས།།
ཕྱི་ཡི་རྒྱལ་ཁག་ཆེ་བརྒྱད།
བྱང་དཔའ་མོ་ཨ་སྟག་ལྷ་མོ།
མཉེན་འཇམ་ལྕུག་ཕྲན་ན་ཆུང་གཟུགས་ལ་མི་སྡུག་ཁྲོ་གཉེར་བདུད་ཀྱི་སེམས།།
བཞིན་བཟང་ཨུཏྤལ་གཞོན་ནུའི་འཁྲི་ཤིང་འཁོར་གསུམ་མཚོན་གྱིས་ལྕགས་རི་བསྐོར།།
ཀླུ་བཙན་བདུད་ཀྱི་ཕ་མཁར་བཟུང་སྟེ་ཤི་བསད་ཁྲག་གི་མི་ཚེ་བསྐྱལ།།
འགྲན་མེད་རྒྱལ་པོའི་ཕོ་ཉ་བསམས་ཀྱང་བཟོད་མེད་དམྱལ་བའི་བུད་ཤིང་གྱུར།།
ཧོར་སྡིག་སྤྱོད་ཤན་པ་དམར་པོ།
མཛོ་མོ་རུ་རྫོང་མཁར་དུ་བཞུགས་ན་བརྗིད་ཆགས་ལྷ་དབང་བརྒྱ་བྱིན་དངོས།།
ཕུ་ནུ་འཛོམས་པའི་གྲོས་ར་འཚོགས་ན་ཤེས་ཆེན་བློ་ཡི་ཉི་མ་ཤར།།
དམར་ཆུང་འདོ་བའི་གོང་དུ་བུད་ན་སོ་ལ་ཆས་པའི་བཙན་རྒོད་དམར།།
ཨ་ཆེན་ཧོར་གྱི་དམག་སྣ་བསྐྱོད་དུས་རྩི་ཤིང་མེ་ཡིས་མཆེད་པའི་ཟིལ།།
འཇང་ལྷ་ཕྲུག་གཡུ་ལྷ་ཐོག་འགྱུར།
ཐོབ་ཆེན་དཔོན་པོ་གར་དགུའི་ཉམས་གྱིས་འདོ་བ་གནམ་གཡག་སྔོན་མོའི་སྟེང་།།
གནམ་ལྕགས་ཐོག་གིས་ལན་དགུར་བྲབ་ཀྱང་གནོད་མེད་ཁྲོ་ཆུ་ལུས་ལ་འཁྱིལ།།
མི་ཆེན་རྒྱལ་པོའི་གོ་གཡང་འཁོར་བའི་རྣོན་པོ་གུ་ཟི་སྐྱ་རེངས་དེས།།
བསམ་སྦྱོར་ངན་པའི་ཕས་ཀྱི་རྒོལ་བའི་བུ་རབས་ཚ་རྒྱུད་རྩད་ནས་གཅོད།།
མོན་དུང་སྐྱོང་སྟག་ལྷ་ཁྲི་དཀར།
དགུན་གསུམ་ས་ལ་མེ་ཏོག་འཁྲུངས་པ་སྐྱིད་པའི་མོན་ཡུལ་དག་པའི་ཞིང་།།
འཁྲི་ཤིང་སྟག་མའི་གུར་ཁང་ནང་གི་ཁུ་བྱུག་གཞོན་ནུ་དྲི་ཟའི་དབྱངས།།
ལྷོ་ཕྱོགས་ཤིང་ཁྲི་དམག་གི་རྒྱལ་པོ་སྟག་ལྷ་ཁྲི་དཀར་ལྷ་ཡི་སྲས།།
ཟོག་སོང་དུད་འགྲོ་རྟ་ཡི་ལུས་ལ་དུང་བྱ་རྣ་ཁྲ་རླུང་གི་བང་།།
ནུབ་སྟག་གཟིག་ཞལ་དཀར་ལྡན་པ།
སྟོང་གསུམ་གཡང་གི་བང་མཛོད་ཕྱུག་མོ་སྟག་གཟིག་རྫོང་ཆེན་ནོར་གྱི་བདག།
སྦྲ་རི་སྨུག་པོ་སྟོང་ཤོང་ནང་གི་ནང་བློན་གྱད་མི་བརྒྱ་ཡི་གཙོ།།
སྲ་བའི་གོ་དང་རྣོ་བའི་མཚོན་ཐོགས་ལན་མེད་རི་གཟར་རྦབ་རྡོ་ལྟར།།
ཞལ་དཀར་ཁྲོས་པའི་ཁྲམ་ཤིང་ཐེབས་ན་འཆི་བའི་ཁ་ཆེམས་འཇོག་ཁོམ་བྲལ།།
སོག་སེར་པོའི་སྟག་དམར་སྟོབས་ཆེན།
ཞེ་སྡང་གདུག་པའི་བུ་ཡུག་འཚུབ་བཞིན་དྲག་པོའི་ཀན་སྒྲ་འབྲུག་ལྟར་སྒྲོག།
འཛུམ་དྲུག་སྟག་མོའི་མཆེ་བ་ངོམས་ཏེ་མི་ཤ་དྲོན་མོ་ཟན་ལ་རོལ།།
རྒོད་པོའི་དཔུང་གི་སྟོབས་ཤུགས་སྤྲུགས་ཏེ་རྩལ་ཆེན་འབྲོང་ལ་སྦར་འཛིན་བྱེད།།
རི་སྤྱང་དར་མས་ལུག་ཁྱུ་གཏོར་བཞིན་དམར་ནག་ཁྲག་གི་རྦ་ཀློང་བསྐྱིལ།།
ལྷོ་ཨ་གྲགས་ཉི་མ་གྲགས་པ།
སྲིད་གསུམ་ཟིལ་གནོན་ལྟ་བས་མི་བཟོད་རྡོ་མཁར་གསེར་རྫོང་ཕྱུག་མོའི་བདག།
རི་བཀྲ་སྟག་གི་སོ་སྒྲ་འཆའ་བཞིན་ཁམས་གསུམ་སྲོག་གི་ལས་ལ་ཆས།།
ཟློག་མེད་ཐོག་གི་མདའ་མོ་རེ་རེས་མཐོན་པོའི་ཉི་ཟླ་ཐང་ལ་འཕེན།།
རྣོ་ངར་མཚོན་གྱི་ཐོག་སེར་འཁོར་ལོ་དགྲ་དང་བགེགས་ཀྱི་སྲོག་ལ་བྷྱོ།།
བྱང་བྱེ་རིའི་བཀའ་བློན་ཆོས་གྲུབ།
ཅང་ཤེས་ཚལ་བུ་སྟིང་དཀར་གོང་གི་གཟའ་རྒོད་སྲོག་གི་བདག་པོ་སྟེ།།
རྒྱལ་ཁག་བཅོ་བརྒྱད་དམག་གི་སྙིང་བཅུད་བྱེ་རི་རྒྱལ་པོ་གཤིན་རྗེའི་གཤེད།།
རྒྱོབ་སོད་སྒྲ་ཡི་ཀི་འབོད་དང་བཅས་སྐྱ་རེངས་མདུང་གི་སོ་ཁ་ནས།།
བརྒྱ་སྟོང་དམག་གི་རྣམ་ཤེས་གྲངས་མེད་ངུ་དང་ཆོ་ངེ་བྲག་ལ་འཁོར།།
གླིང་ཚོ་ཆེན་ལྷ་སྡེ་དཀར་མོ།
གྲུ་བཞི་ས་ལ་གཡང་དུ་ཆགས་པ་གླིང་ཡུལ་མཐོང་བ་ཀུན་སྨོན་ན།།
བཙན་ཕྱུག་འཕེན་དར་དགུང་ལ་བསྙེགས་པའི་ཚོ་དྲུག་གླིང་རུ་སྡེ་བ་ཞེས།།
གཉེན་ལ་བྱམས་ཤིང་དགྲ་ལ་སྡང་བའི་དཔལ་རྟུལ་སྟག་མོ་ཐང་གང་ལས།།
བོད་རིགས་དཔའ་བོའི་རྟོགས་བརྗོད་ཞེས་གྲགས་ལོ་རྒྱུས་རིང་མོའི་ས་བོན་མཆེད།།
འདིར་བཀོད་པའི་རྩོམ་ཡིག་དག་གི་ནང་དོན་འདྲ་མིན་དང་བཞེད་ཕྱོགས་འདྲ་མིན་ཚིག་གི་སྡེབ་སྦྱོར། ནང་དོན་གྱི་གོ་རིམ་སོགས་ནི་རྩོམ་པ་པོ་སྒེར་གྱི་བཞེད་པ་ལྟར་ཡིན་པ་ལས་ངེད་དྲྭ་བ་འབྲེལ་བ་ཡོད་པ་མིན་ནོ། །