སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

འཛམ་གླིང་སྤྱི་བསང་གི་འཁྲབ་གཞུང་། ཁག་དང་པོ། འཇིགས་མེད་རྡོ་རྗེས་བརྩམས།

 

༄༅།། གླིང་དཀར་གྱི་རྟོགས་བརྗོད་རྣམ་ཐར་སྙན་པའི་གླུ་དབྱངས་

           ངོ་མཚར་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས།

                 འཇིགས་མེད་རྡོ་རྗེས་བརྩམས།  

        སྨར་མདོ་གེ་སར་ཕོ་བྲང་པདྨ་ལྷ་རྩེའི་ཟློས་གར་མྱུར་སྐྱོབ་ཚོགས་པས་མཁོ་འདོན་མཛད།  

 

མཁྱེན་བརྩེའི་སྤྲིན་གྱི་བ་གམ་མཐོན་པོ་ནས།།

རིམ་གཉིས་ཐེག་མཆོག་བདུད་རྩིའི་གྲུ་ཆར་གྱིས།།

མཐའ་ཡས་འགྲོ་བའི་རེ་སྐོང་གྲུབ་བརྒྱའི་མཆོག །

རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་དགེ་ལེགས་སྩོལ།།

མཁྱེན་རབ་གཞོན་ནུའི་ཚུལ་འཛིན་འཇམ་དཔལ་དབྱངས།།

རྗེས་ཆགས་གངས་རིའི་མདངས་ལྡན་སྤྱན་རས་གཟིགས།།

རྒྱལ་ཀུན་མཐུ་སྟོབས་མངའ་བདག་རྡོ་རྗེ་འཛིན།།

འཕགས་མཆོག་རིགས་གསུམ་མགོན་པོའི་འགྲོ་ཀུན་སྐྱོངས།།

རྨད་བྱུང་ཐུགས་བསྐྱེད་དྲག་པོའི་འཐོར་རླུང་གིས།།

མ་རུངས་བདུད་སྡེའི་ཆུ་འཛིན་འབུམ་ཞིག་ནས།།

སླར་ཡང་བདེ་སྐྱིད་སྣང་བའི་འོད་སྟོང་གིས།།

གངས་ལྗོངས་གསལ་མཛད་སེང་ཆེན་ཉི་མར་འདུད།།

ཡང་དག་ལམ་བཟང་གདོང་ལྔའི་ང་རོ་ཡིས།།

མུ་སྟེགས་ལོག་སྨྲའི་དགྲ་ཀུན་དུས་གཅིག་ཏུ།།

ཚར་གཅོད་ངོ་མཚར་གཏམ་གྱི་དབྱར་རྔ་གང་།།

གར་མཁན་གཞོན་ནུའི་དཔྱིད་དུ་འདི་ན་ལྡིར།།

མ་རུངས་བདུད་ཀྱི་སྡེ་དང་ནག་ཕྱོགས་མིའི།།

དྭངས་བའི་སེམས་ཀྱི་ཉན་པར་མི་སྤྲོ་ཡང་།།

སྐྱེས་མང་སེང་ཆེན་རྗེ་དང་དཔའ་ཐུལ་ལ།།

འབྲེལ་ཚེས་དཀར་ཕྱོགས་རྣམས་ཀྱི་དགའ་བའི་ཉོན།།

ཅེས་བསྔགས་བརྗོད་ཀྱི་ཚིག་མེ་ཏོག་ཆུན་པོའི་མདུན་བསུས་ཏེ་བཤད་བྱ་དངོས་ནི།

དེ་ཡང་བསིལ་ལྡན་བོད་ཀྱི་རྒྱལ་ཁབ། རྨ་ཡུལ་གཡང་གི་ར་བ། ཤར་གླིང་དཀར་དག་པའི་ཞིང་ཁམས། ས་སྤྱོད་མཐོང་བ་ཀུན་སྨོན་དེ་ན། མཁར་མ་རྩིག་ལྷ་ཡི་བཞེངས་བ། ལྷ་ཀླུ་གཉན་གྱི་ཕོ་བྲང་། སྐུ་མཁར་སེང་འབྲུག་སྟག་རྩེའི་བཅུད་དུ་མགོན་རིགས་གསུམ་པདྨའི་སྤྲུལ་པ། སྐུ་སེང་ཆེན་ནོར་བུ་དགྲ་འདུལ། འཁོར་དཔའ་བརྟུལ་གྲུབ་ཆེན་སུམ་ཅུ་ཐམས་ཅད་ལྷུན་ཆགས་ཀྱི་ལེ་བཞུགས་པ་གདའ་འོ།།

 

                                       འཁྲབ་ཚན་དང་པོ།

སེང་ཆེན་མི་ཡི་ཉི་མ་ཡིས།།

ཚོ་དྲུག་ལྷ་སྡེ་ཕྱུག་མོ་བསྡུས།།

ཡུལ་ལྷར་བསང་བརྔན་བཀའ་ཁྱབ་གནང་།།

འབྲུག་མོས་སྐྱེས་ཞུས་བདེན་ཚིག་བརྗོད།།

རྒྱལ་མཆོག་མི་ཡི་ཉི་མ་སེང་ཆེན་ནོར་བུ་དེ་ཉིད་ཀྱིས་ས་མི་ཡུལ་གླིང་མཁར་ཁྲ་བོའི་སྟོད་ནས་རྟ་རྒྱུགས་རྒྱལ་འཇོག་བྱས་ནས་རྒྱལ་སར་མངའ་གསོལ་བྱས་ནས་ལོ་ངོ་ཕྱེད་གསུམ་སོང་བའི་ཤིང་ཕོ་བྱི་བའི་ལོའི་དབྱར་ཟླ་འབྲིང་པོའི་ཚེས་གཅིག་གི་ཉིན་མོར་གླིང་ཚོ་དྲུག་དར་སྡེ་ཕྱུག་མོ་ཐམས་ཅད་འདུ་རར་བསྡུས་ཤིང་ཟླ་འདིའི་ཡར་ཚེས་བཅུ་གསུམ་ལ་བོད་ཀྱི་ཡུལ་ལྷ་ཆེན་པོ་རྨ་རྒྱལ་སྤོམ་རར་བསང་དང་རླུང་རྟ་སྦྲོན་དགོས་པའི་བཀའ་ཁྱབ་གནང་། ཕྱུགས་སྐྱ་ལོའི་སྟོན་པ་རྒྱལ་མཚན་གྱི་སྲས་མོ་ན་ཆུང་སེང་ལྕམ་འབྲུག་མོའི་ཇ་ཆང་གི་སྐྱེམས་ཞུས་དང་རྨི་ལམ་གྱི་ལུང་བསྟན་སྩལ་ཞིང་བསམ་དོན་འགྲུབ་པའི་སྨོན་ཚིག་ཞུས་ཤིང་རུ་གསུམ་གྱི་ལམ་དུ་ཆས་སོ།། 

                ༼ ཡོལ་བ་དལ་གྱིས་ཕྱེས་དེ་ལམ་འགྲོའི་རོལ་དབྱངས་ཚར་ རྗེས་སུ ༽

གེ་སར་རྒྱལ་པོ།             གླིང་དཀར་མཐོང་བ་ཀུན་སྨོན་གྱི།།

                                 སྐུ་མཁར་པདྨ་སྟོང་ལྡན་ནས།།

                                 ཚོ་དྲུག་ལྷ་སྡེའི་རྒྱལ་པོ་ལ།།

                                 གེ་སར་ནོར་བུ་དགྲ་འདུལ་ཡིན།།

                     ༼ རྔ་ཚར་ རྡུང་ ༽

འདི་ཟླའི་ཚེས་པ་བཟང་པོ་ལ།།

ཚོ་དྲུག་གླིང་སྡེ་ཕྱུག་མོ་ཡི།།

ཕ་ཁུ་དཔའ་ཐུལ་འདུས་སྡེ་རྣམས།།

འདུ་རར་བསྡུ་བའི་བརྡ་སྦྱོར་ཅིག །

                                  སྒོ་སྲུང་གཉིས། ལེགས་སོ། །

                                              ༼ རྔ་དང་དུང་སོགས་ཚར་ རྡུང་ ༽

                                                   

འབྲུག་མོ།

སྨན་ང་འདྲའི་ང་ངོ་མ་ཤེས་ན།།

བཅུ་འཛོམས་བཀྲ་ཤིས་ར་བ་ནས།།

ཕྱུག་སྟོན་པ་རྒྱལ་མཚན་སྲས་མོ་ལ།།

མདོ་ཁམས་སེང་ལྕམ་འབྲུག་མོ་ཡིན།།

གཡོན་དངུལ་དེམ་ནང་གི་ཆང་འདྲེན་འདི།།

བུར་སྨུག་སྦྲང་གི་མངར་དང་འགྲོགས།།

གསལ་བྱེད་སྨན་དང་ཀ་ར་སྦྱར།།

ཆང་སྐྱེམས་འབར་གསོལ་དང་དབུ་འཕང་མཐོ།།

                                                                     

གེ་སར་རྒྱལ་པོ།

དགྲ་འདུལ་དམག་དཔོན་གེ་སར་ང་།།

འཕོས་པ་འོད་གསལ་ལྷ་ནས་འོང་།།

དམག་འཁྲུག་ནག་ཕྱོགས་བདུད་ལ་བྱེད།།

གྲོགས་སུ་སངས་རྒྱས་བསྟན་པ་དར།།

ཡུལ་མངའ་འབངས་དར་སྡེ་ཕྱུག་མོའི་ཉོན།།

བོད་ཡུལ་ལྷ་གཞི་བདག་ཟོ་དོར་རྣམས།།

དུས་ད་སྔོན་ཧོར་བདུད་བོན་ལ་བལྟ།།

བློ་ནག་ཕྱོགས་མི་ལ་ཁ་འཛིན་བྱེད།།

ད་ཕན་ཆད་གླིང་དཀར་རྒྱལ་བློན་གྱིས།།

ཆོས་བསྟན་པའི་ལྷ་བསང་དཀར་པོ་ཕུད།།

ལྷ་དཀར་ཕྱོགས་དབང་དུ་འདུ་བ་དང་།།

བདུད་ནག་ཕྱོགས་བྲན་དུ་འཁོར་ལེ་དགོས།།

རྨ་རི་རྒྱལ་ལྭ་རྩེ་བསྟོད་དུ་འགྲོ།

ལྷ་བསང་དུད་པའི་སྤྱན་གཟིགས་ཕུལ།།

དཔུང་ཤོག་གཤར་ལུགས་སྒྲིག་བཀོད་རྣམས།།

རང་རང་དཔོན་གྱི་མགོ་འཛིན་གྱིས།།

                                   དཔའ་ཐུལ་རྣམས་ཀྱིས། ལེགས་སོ། །

                           ༼ རྔ་དང་རོལ་དབྱངས་ཁྲོད་ནས་དཔའ་ཐུལ་རྣམས་ལམ་ལ་ཆས་སྐབས་སུ་ ༽

                                                             

འབྲུག་མོ།

མདང་གསུམ་གཉིད་ཀྱི་ཐུན་གུང་ལ།།

བྱང་ནས་རྒྱ་མཚོ་འཕྱུར་བ་རྨིས།།

དེ་རང་དཔའ་ཐུལ་བྱོན་ལམ་ནས།།

གནོད་པའི་དགྲ་རེ་ཡོད་ལས་ཆེ།།

དོན་ལ་ལེགས་ཉེས་རྨི་ལམ་འདི།།

མི་བརྗེད་ཐུགས་ལ་འཛིན་པར་ཞུ།།

                                ༼ རྟ་འགྲོས་རོལ་དབྱངས་ཁྲོད་དུ་ཡོལ་བ་དལ་གྱིས་བསུམ་ཏེ་འཁྲབ་ཚན་དང་པོ་རྫོགས་སོ།། ༽

 

                            འཁྲབ་ཚན་གཉིས་པ།

ཧོར་སྡེ་ཤོག་ཆེན་བཅུ་གཉིས་པོ།།

དགའ་སྐྱིད་རྩེ་མཚར་རི་གཟིགས་ཕེབས།།

གུར་དཀར་དཔོན་གྱི་བཀའ་གསུང་བཞིན།།

ཤན་པས་གླིང་དམག་རྩིས་སྤྲོད་བྱས།།

དེ་དང་དུས་མཚུངས་སུ་ཧོར་ཡ་རྩེ་ཏ་ར་ཁ་དགུ་དཔོན་དེ་ཡོད་དཀར་ནག་སེར་གསུམ། ཧོར་རི་ཐང་ཤོག་ཆེན་བཅུ་གཉིས། དཔའ་ཡང་དག་ཁས་ལེན་བདུན་བརྒྱ་བཅས་དགའ་སྐྱིད་ཀྱི་སྟོན་མོ་རྩེ་མཚར་གྱི་རི་གཟིགས་ལ་ཕེབས་ནས་ཧོར་བླ་རི་རྡོ་རྗེ་རྩེ་དགུའི་གཡོན་འདབ་སུ་སྒར་བཏབ་ནས་ཡོད་པའི་ཚེ་གླིང་དཀར་པོའི་ལྷ་བསང་པ་དེ་རྣམས་མཐོང་ཕྲལ། ཧོར་ཀུ་ཡང་གནམ་གྱི་རྒྱལ་པོའི་བློན་ཆེན་ཤན་པ་དམར་པོར་གླིང་དམག་རྩིས་སྤྲོད་བྱེད་དགོས་པའི་བཀའ་སྩལ།

གུར་དཀར་རྒྱལ་པོ།

ང་དང་ང་ངོ་མ་ཤེས་ན།།

གནམ་ས་གཉིས་ཀྱི་སྲས་པོ་དང་།།

གནམ་ཐེལ་དཀར་པོའི་སྤྲུལ་པ་ལ།།

ཧོར་གུར་དཀར་ཨ་གནམ་ཁྲི་དགའ་ཟེར།།

ཇ་ཞུས། ༼ རོལ་དབྱངས་ཁྲོད་ནས་ཇ་ཞུས་ཏེ་ལག་གཡོན་པའི་ཐང་ལ་མཆོད་ཁ་དྲངས།

གུར་དཀར་རྒྱལ་པོ།

བློན་དྲག་ཅན་ཤན་པ་དམར་པོ་ལགས།།

གཏམ་དྲིས་པའི་ལན་དེ་དྲང་པོར་ཤོད།།

ནག་པོ་བདུད་དང་སེར་བོ་ཧོར།།

ཁྲ་བོ་གླིང་དང་རྣམས་གསུམ་འདི།།

ལས་དགྲ་ཐོད་པའི་སྐོས་དང་རེད།།

དགྲ་གདོང་ཐུག་བྱུང་ཚེ་གང་གི་དཔའ།།

གླིང་དཔའ་ཐུལ་རེ་ལ་མཚན་རེ་གསོལ།།

གླུ་གོ་ན་གངས་དཀར་སེམས་ལ་ཟུངས།

       ཤན་པ་མེ་རུ་རྩེ།

འོ། གླིང་རྒྱལ་མཆོག་ནོར་བུ་དགྲ་འདུལ། དཔའ་ཡང་དག་གྲུབ་ཆེན་སུམ་ཅུ། གླིང་ཚོ་དྲུག་ལྷ་སྡེ་དཀར་པོ་འགའ་ཞིག བསང་མཆོད་ལ་བྱོན་པ་རེད། ཉམས་མཚར་མཚར་གྱི་ལྟད་མོ་ལྟོས་ཤིག

ཧོར་རྗེ་གུར་དཀར་རྒྱལ་པོ་དང་།།

བློན་གང་དྲག་བ་ཐུལ་རྣམས་ཀྱི་ཉོན།།

ཕར་ལྟོས་དང་ལྟད་མོ་འདི་འདྲ་གདའ།།

ཤར་རྨ་རྒྱལ་སྤོམ་རའི་མདུན་ངོས་ན།།

གླིང་རུ་གསུམ་དམག་གི་དཔུང་སྒྲིག་དེ།།

དཔོན་གསེར་བའི་ཉི་འབུམ་དར་ཡག་དང་།།

འོམ་བུའི་ཆོས་ལུ་དར་འཕེན་གཉིས།།

གདོང་བཅོ་ལྔའི་རྒྱ་ཚ་ཞལ་དཀར་སོགས།།

གླིང་གྲུབ་ཆེན་དཔའ་ཐུལ་སུམ་ཅུ་རེད།།

འཇའ་ཁ་དོག་སྣ་ལྔའི་ལྡེང་ཁང་ནང་།།

མི་གཞན་དང་མི་འདྲིའི་དཔའ་ཐུལ་འདི།།

གླིང་རྒྱལ་མཆོག་ནོར་བུ་དགྲ་འདུལ་རེད།།

        ༼ ཧོར་གུར་དཀར་རྒྱལ་པོ་དངས་སྐྲག་སྐྱེས་པའི་ཚུལ་བསྟན ༽

ཆིབས་ལྷ་རྟ་རྐྱང་རྒོད་འཕུར་ཤེས་ཟེར།།

གཏམ་རེ་རེ་བཞིན་དུ་བཤད་ཚོད་མེད།།

སྤྱིར་འདིར་ཚོགས་ཧོར་གྱི་གོ་བར་གྱིས།།

དགོས་ཧོར་རྗེ་གུར་དཀར་ཐུགས་ལ་ཞོག །

                         ༼ ཡོལ་བ་དལ་གྱིས་བསུམ་ཏེ་འཁྲབ་ཚན་གཉིས་པ་རྫོགས་སོ།། ༽

 

                 འཁྲབ་ཚན་གསུམ་པ།

གླིང་དཀར་དཔའ་ཐུལ་འཁོར་བཅས་ཀྱིས།།

ཡུལ་ལྷར་བསང་དང་དཔའ་མཁར་བསྟོད།།

སེང་ཆེན་ནོར་བུ་དགྲ་འདུལ་གྱིས།།

བདུད་ཀྱི་བླ་འབྲོང་ཐོད་མདའ་སྤྲད།།

གླིང་ཚོ་དྲུག་ལྷ་བསང་ཕྱུག་མོ་དེ་ཉིད་ཀྱིས་མགུལ་ལྷ་རྨ་རྒྱལ་སྤོམ་རར་བཀྲ་ཤིས་པའི་དཔའ་མཁར་བརྩིག། བསང་དང་གསེར་སྐྱེམས་མཆོད། མདའ་དང་བ་དན་བསྟོད། དམུ་ཐག་དང་རླུང་རྟ་སྒྲོན་ནས་བཞུགས་པའི་ཚེ་གློ་བུར་དུ་བྱང་ཕྱོགས་རི་བོ་དགྲ་རྒོད་མདུང་རྩེའི་གཡོན་ཟུར་ནས་འཇིགས་པའི་སྒྲ་ཆེན་གྲགས་རྔམས་པའི་མེ་རུ་འབར། གདུག་པའི་དུག་རླངས་འཐུལ། འཇིགས་པའི་ང་རོ་སྒྲོག་བཞིན་བདུད་ཀླུ་བཙན་རྒྱལ་པོའི་བླ་འབྲོང་ཟངས་རྭ་དམར་པོ་བྱ་བ་དེ་གླིང་དམག་གི་སྟེང་དུ་ཤོར་བྱུང་ཚེ། དཔའ་ཐུལ་རྣམས་ཀྱིས་གཅིག་ཤོར་གཉིས་ཤོར་གྱིས་གདོང་བཀག་པ་ན། ཨ་ཁུ་ཁྲོ་ཐུང་གིས་རྡར་སྐད་ཤོར་དེ་བྲག་ཕུག་ཞིག་དུ་གབ་འདུག ཨ་མྱེ་རོང་ཚ་ཁྲ་རྒན་གྱིས་གླིང་དམག་རྣམས་ཀྱི་གདོང་བཀག་ནས་སེང་ཆེན་རྒྱལ་པོ་མ་གཏོགས་གཞན་ལ་འདུལ་སྐལ་མེད་ཅེས་གསུངས། སེང་ཆེན་མི་ཡི་ཉི་མས་ལྷ་འབོད་མདའ་བསྐུལ་བྱས་ཤིང་བདུད་ཀྱི་བླ་འབྲོང་དེ་ས་ལ་བརྡབས་སོ།།

༄༅།། རཾ་ཡཾ་ཁཾ། ཨོཾ་ཨཱ༔ཧཱུྃ། རཾ་ཡཾ་ཁཾ། ༀ་ཨཱཿཧཱུཾ། མཆོད་མགོ་གཅིག་གཉིས་གསུམ་བཞི་ལྔ་དྲུག་བདུན་བརྒྱད་དགུ་བཅུ་བཅུ་གཅིག་བཅུ་གཉིས་བཅུ་གསུམ། མཆོད་དོ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག་ཡུལ་ལྷ་གཞི་བདག་གནས་བདག་གཏེར་སྲུང་། ཕ་མྱེས་རྒྱུད་ཀྱི་སྲུང་མ། བུ་ཕྲུག་དར་གྱི་དགྲ་བླ། འགོ་བའིལྷ་མགོན་གཉན་པོ། རྒྱལ་དབང་པདྨའི་གཏེར་སྲུང་། ས་བཅུ་ཐོབ་པའི་སང་རྒྱས། ཨ་མྱེ་རྨ་ཆེན་སྤོམ་ར། རྨ་སྟོད་ཀྱི་རྩེ་བླ་བཅུ་གསུམ། རྨ་སྨད་ཀྱི་མགྲོན་བླ་བཅུ་གསུམ། རྨ་ཆུ་གསེར་ལྡན་རིང་མོར་ཞལ་ཕྱོགས་པའི་ཟོ་དོར་ཁྱེད་རྣམས་ཀྱི་ཞལ་དུ་བདུད་རྩི་གཙང་མ་ཕུད་ཀྱི་མཆོད་པ་འདི་འབུལ་ལོ།། ༀ་ཨཱཿཧཱུཾ། འདོད་དོན་ཕྲིན་ལས་སུ་བཅོལ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུངས།། སེམས་ཅན་གྱི་བདེ་སྐྱིད་སྤེལ།། དོན་གཉིས་ཀྱི་འདོད་དོན་བསྒྲུབ།། བསམ་དོན་འབད་མེད་འགྲུབ་པའི་ཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག ཀི་བསྭོ་ཆེའོ་ལྷ་རྒྱལ་ལོ།།

                                                      ༼ ཀླུ་བཙན་རྒྱལ་པོའི་བླ་འབྲོང་ཟངས་རྭ་དམར་པོ་ཐོན། ༽

དཔོན་པོ་ཁྲོ་ཐུང་།

ཡུལ་ཁྲ་མོ་གླིང་གི་དཔའ་ཐུལ་རྣམས།།

འཐབ་བསམ་པ་ཡོད་ཀྱང་སྐྱུར་ན་བཟང་།།

རྫ་རི་ཆེན་གངས་ལ་བྲོས་ན་དགའ།།

སྲོག་ཐར་ན་ཨེ་མ་ཡ་མཚན་ཆེ།།

ལྷ་རྟ་མགྲིན་དམར་པོ་བྱིན་རླབས་ཅན།།

གླིང་བུ་རྟ་མཐུ་དབང་དངོས་གྲུབ་སྩོལ།།

བདུད་བླ་ཟོག་མ་ཀི་དཔུང་ཞིག་ཆོམས།།

འདྲེ་སྲིན་པོ་གཉིས་ཀྱི་གདོང་ཞིག་བཟློག །

                                                                       ༼ བྲག་ཕུག་ཞིག་དུ་གབ ༽

ཨ་མྱེ་ཁྲ་རྒན།

འོ་ཁར་སང་ལྷ་བསང་དཀར་པོ་དེ།།

གཟའ་སྐར་དུས་སྦྱོར་ཤིན་ཏུ་ལེགས།།

ལྷ་གོང་མའི་མགོན་སྐྱབས་བྱས་པ་བཟང་།།

འདི་བདུད་ཀྱི་བླ་འབྲོང་དམར་པོ་རེད།།

གླིང་དཔའ་ཐུལ་གཞན་ལ་འདུལ་སྐལ་མེད།།

རྗེ་སེང་ཆེན་ཕྲིན་ལས་དུས་ལ་བབས།།

གེ་སར་རྒྱལ་པོ།

སྐྱབས་གནས་རྒྱལ་བ་རྒྱ་མཚོའི་ཚོགས།།

མ་གཡེལ་སྐྱེས་བུའི་གྲོགས་ལ་བྱོན།།

ངེད་རྒྱལ་བློན་རང་ཡུལ་ལྷ་བསང་བྱོན།།

ནག་པོ་བདུད་ཀྱི་བར་ཆད་བརྩམས།།

བདུད་བླ་འབྲོང་ཟངས་རྭ་དམར་པོ་འདི།།

དེ་རང་འདུལ་བའི་དུས་ལ་བབས།།

མདའ་ཉག་ཕྲན་རྩེ་ལ་མ་སྐྱོན་ན།།

ང་གེ་སར་མིན་པའི་རྟགས་ལ་ཞོག །

གླིང་གེ་སར་སྐྱེས་བུ་དོན་འགྲུབ་ཀྱིས།།

དགྲ་གཡུལ་འགྱེད་ཀུན་གྱི་ཐོག་མ་ཡིན།།

མདའ་ཐོབ་ཐང་རྒྱལ་བའི་རིག་འཛིན་འདི།།

བདུད་བླ་འབྲོང་དཔྲལ་བར་ཧོ་མ་ཡ།།

                                  ཚང་མས། ལྷ་རྒྱལ་ལོ།

ཁྲོ་ཐུང་རྒྱལ་པོ།

ཡ། ཧ་ཧ་་་་་་

བུ་དེ་འདྲ་མིན་ན་ཅི་འདྲ་ཡིན།།

བདུད་ནག་པོའི་བླ་འབྲོངས་ས་ལ་རྡབས།།

གླིང་སེང་ཆེན་ཨ་ཁུ་ང་ལ་རིག །

ང་ཁྲོ་རྒྱལ་དམར་ཡག་སྟག་ལ་རིག །

                                                          ༼ དཔའ་བརྟུལ་རྣམས་གད་མོ་ཤོར ༽

ཨ་མྱེ་ཁྲ་རྒན།

ཁྲ་ཕུ་འཛམ་གླིང་ལ་ཁ་ཡི།།

རྫོང་ས་ནག་གད་པ་ཆུ་མཁར་ནས།།

མི་མི་འགྱུར་སྲིད་པའི་གངས་རྒན་ལ།།

གདོང་སྤྱི་དཔོན་རོང་ཚ་ཁྲ་རྒན་ཡིན།།

གླིང་ལྷ་སྡེའི་མགོ་འཛིན་རྒྱལ་པོའི་མཛད།།

དགྲ་ནག་པོའི་གདོང་ལན་དཔའ་ཐུལ་ངར།།

ཆོས་སངས་རྒྱས་བསྟན་པའི་ཉི་མ་ཤར།།

མ་འགྲོ་བའི་བདེ་སྐྱིད་དུང་ཟླ་ཚེས།།

ཆོས་རྒྱལ་འདོད་གླིང་གི་ལྷ་བསང་བྱས།།

བདུད་ཐོད་མདའ་སྤྲད་པ་དེ་རང་རེད།།

སྐྱིད་སྟོན་མོ་མི་འཇོག་ནམ་ཞིག་འཇོག །

སྙན་པའི་བ་དན་དགུང་ལ་ལ་ཕྱོར།།

གྲགས་པའི་དུང་ཆེན་ཕྱོགས་སུ་སྒྲོགས།།

ཞིམ་མངར་ཆང་གི་ཕུད་འདྲེན་གསོལ།།

དགྲ་བླའི་གསེས་མཁར་ཁ་གསོས་ཀྱིས།།

རླུང་རྟའི་དར་བསྒྲེང་དབུ་ལ་སྒྲོན།།

མགྱོགས་པ་རྟ་ཡི་རྒྱུགས་སྣ་གཤིབ།།

སྐྱེན་པོའི་མདའ་དང་མདུང་རྩལ་འགྲན།།

                                    ཚང་མས། འོ་ལེགས་སོ།།

                ༼ ཡོལ་བ་དལ་གྱིས་བསུམ་ཏེ་འཁྲབ་ཚན་གསུམ་པ་རྫོགས་སོ།། ༽

 

          འཁྲབ་ཚན་བཞི་བ།

དཔའ་ཐུལ་རྩལ་དང་རྫུ་འཕྲུལ་རྣམས།།

མཐོང་ཕྲལ་ཧོར་དམག་སེམས་རབ་ཁྲོས།།

བ་ཐུལ་ཧྲག་བསྡུས་གླིང་ལ་ཆས།།

བློན་ཆེན་ཤན་པས་བཤོལ་མ་ཐེབས།།

དེ་ལྟ་བུའི་གླིང་དཔའ་ཆེན་སུམ་ཅུའི་སྟོབས་དང་རྫུ་འཕྲུལ་སྣ་ཚོགས་དེ་ཧོར་གྱི་རྒྱལ་བློན་སྤྱི་དང་ཁྱད་པར་བ་ཐུལ་མཆོང་ལྷ་སྨུག་པོ་སོགས་ཀྱི་མཐོང་ཕྲལ་ངར་རྒོད་གཏིང་ནས་འཁྲུགས་ཤིང་། གླིང་ལ་ཟ་ཁ་གཏད་རྒྱུའི་གྲོས་ཐག་བཅད་ཚེ་དཔའ་ཆེན་ཤན་པ་དམར་པོའི་ཐབས་ཚུལ་དུ་མའི་བཀག་ཀྱང་མ་བཤོལ་བར་ཧོར་རྒྱལ་སྲས་སྟག་ལྷ་ཁྲི་རྒྱལ། དཔའ་ཡ་མེད་ཁྲོ་ཆུ་ཐོག་རྒྱལ་སོགས་དཔའ་ཁས་ལེན་བ་ཐུལ་བཅུ་བདུན་གླིང་ཡུལ་དུ་ཆས་སོ།།

ཤན་པ་རྨེ་རུ། 

ཡ་ཨ་ཆེན་ཧོར་གྱི་རྒྱལ་བློན་རྣམས།།

ཉམས་མཚར་བའི་ལྟད་མོ་ལྟས་ལྟས་ནས།།

མིག་ཨ་འབྲུའི་ཐག་པ་ཕྲ་ནས་ཐལ།།

དཔའ་ཀི་བསྭོའི་སྒྲ་ལ་ཉན་ཉན་ནས།།

རྣ་དར་ལུང་གསང་ལམ་བྱང་ནས་ཐལ།།

རྟ་མགྱོགས་པའི་རྒྱུག་ལམ་བཏོད་བཏོད་ནས།།

རླུང་སྐྱི་སེར་བང་ཁ་ལྷོད་ནས་ཐལ།།

འདྲ་ཨེ་བསམ་ཨ་ཆེན་ཧོར་གྱི་སྡེ།།

མཆོང་ལྷ་སྨུག་པོ།

ང་དགྲ་ལ་མཆོ༷ང་ན་དོམ་སྨྱོན་འདྲ།།

གཉེན་ལ་སྐྱོང་ན་ལྷ༷་དང་འདྲ།།

མི་གཞི་སྨུ༷ག་པོ༷་ཤེལ་ལས་གྲུབ།།

ང་མཆོང་ལྷ་སྨུག་པོ་དེ་ནས་ཐོགས།།

ད་སེ་ཆེན་ཧོར་དང་མཐོང་སྨོན་གླིང་།།

གནམ་ས་ཁྱད་པར་ཐུག་ས་མེད།།

ཧོར་སེ་ཆེན་རིགས་རུས་གནམ་གི་རྒྱུད།།

གནམ་ཨ་སྔོན་མཐོ་ལ་འགྱུར་བ་མེད།།

མ་འགག་ཟའི་བུ་སྡུག་ད་སྐྱེས་རྭ།།

རྭ་ཐོ་ཆེན་འབོག་ལ་ལ་ཐང་མེད།།

དཔའ་མཐོང་སྨོན་གླིང་དང་སེ་ཆེན་ཧོར།།

དགྲ་གདོང་ཐུག་རལ་ཁ་འཐབ་པའི་ཚེ།།

གཏམ་ད་བཤད་དོན་ལ་མ་གནས་ན།།

ང་མཆོང་ལྷའི་བུ་སྐེ་ཁྱི་དང་སྦྲེལ།།

སྟོབས་ཆེན་གླང་བོ་ཁྲ་འབར།

ཕོ་ང་དང་ང་ངོ་མ་ཤེས་ན།

སྟོབས་ཆེན་གླང་པོ་ཁྲ་འབར་ཟེར།

ཡ ཨ་ཆེན་ཧོར་གྱི་རྒྱལ་བློན་རྣམས།

ཚིག་འབྲུ་གསུམ་བཤད་ཀྱང་དཔའ་གཏམ་བཤད།

ལས་ཐེངས་གསུམ་བཤད་ཀྱང་དཔུང་བ་འཕུར།

དྲིན་ཨ་མས་བུ་གསོས་འདྲ་འདྲ་ཡིན།

དགྲ་ནག་པོ་ཀླད་ལ་མི་བཏང་ཟེར།

ཧོར་སེར་བོའི་ཡུལ་ལ་འབྲུག་བཞིན་གྲགས།

རྗེ་རྒྱལ་པོའི་ཆོས་ལ་མ་ཕན་ན།

དཔོན་ཐུགས་མདང་གནང་བ་དོན་མེད་རེད།

གུར་དཀར་རྒྱལ་པོ།

ཧ་ཧ་་་་་་་བློན་ཤན་པ་དཔའ་རྩལ་རྒོད་དང་གཅིག །

ང་གུར་དཀར་བློ་རྩེ་རྣོ་དང་གཉིས།།

འབངས་སྡེ་བ་དམག་གྲངས་མང་དང་གསུམ།།

ལས་དེ་གསུམ་ཨ་ཕོའི་སྐུ་བསོད་རེད།།

འགག་མོའི་བུ་སྡུག་ཇོ་རུ་ཁོས།།

ཧོར་ཐོ་ཐོག་རྒྱལ་པོ་འུར་རྡོས་བགྲོངས།།

རྒྱ་ཟའི་བུ་རོ་ཀ་བརྡར་དེས།།

ཀུན་དགའི་བུ་མོ་ཕྱིར་ལ་ཕབས།།

དགྲ་དེ་བྱས་ལན་པོ་སྤྲོད་དགོས་པའི།།

བ་ཐུལ་འགའ་རེ་གླིང་ལ་སོང་།།

སྐྱ་ལོའི་སེང་ལྕམ་འབྲུག་མོ་དང་།།

རྒྱུ་རྫས་གང་ཡོད་ལོངས་ལ་ཤོག །

                            བ་ཐུལ་སོགས། ལེགས་སོ།

ཤན་པ་རྨེ་རུ།

ཡ། འདང་མེད་ཧོར་གྱི་རྒྱལ་བློན་རྣམས།།

མ་འོངས་དུས་ཀྱི་གནས་སྐབས་ལ།།

བློ་ལིང་བསྒྱུར་འགོང་པོའི་སེམས་ཁ་སྒྱུར།།

མི་ཤེས་མེད་འགའ་རེའི་ཁ་ལ་ཉན།།

ཧོར་ཨ་ཆེན་ལས་དམག་ལྷོ་ལ་དྲངས།།

གླིང་དཀར་པོར་འགྲན་ཡ་བཙས་ནས་བཟུང་།།

ཧོར་ཕུག་ཐུབ་རྒྱལ་ཆུས་བསྟན་པའི་ན།།

ང་ཤན་པའི་མིག་འབྲས་ཐང་ལ་ལོངས།།

                                        ༼ ཡོལ་བ་དལ་གྱིས་བསུམ་ཏེ་འཁྲབ་ཚན་བཞི་བ་རྫོགས་སོ།། ༽

 

                                                                                                                ཁག་རྗེས་མ་མུ་འགོད།  

 

        

ཀློག་གྲངས།:[279]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com