འཛམ་གླིང་སྤྱི་བསང་གི་འཁྲབ་གཞུང་གི་ཁག་གཉིས་པ།
༼དྲྭ་ངོས་སྔོན་མའི་འཕྲོ། ༽
འཇིགས་མེད་རྡོ་རྗེས་བརྩམས།
སྨར་མདོ་གེ་སར་ཕོ་བྲང་པདྨ་ལྷ་རྩེའི་ཟློས་གར་མྱུར་སྐྱོབ་ཚོགས་པས་མཁོ་འདོན་མཛད།
འཁྲབ་ཚན་ལྔ་བ།
གླིང་དཀར་ལྷ་དམག་ཡུལ་དུ་འབྱོར།།
ནེའུ་ཆུང་ཁམས་འདྲི་མཇལ་ཁ་ཞུས།།
རྒྱ་ཚས་ཕྱེས་བྱོན་ལོ་རྒྱུས་བསྙད།།
དགའ་བདེས་བདེན་ཚིག་མེ་ཏོག་འཐོར།།
གླིང་དཀར་པོའི་ལྷ་བསང་དེ་རྣམས་དགའ་སྐྱིད་ཀྱིས་ཡུལ་དུ་འབྱོར་བ་དང་ཆབ་གཅིག་དུ། སྔོ་ལོའི་གུ་རུ་རྒྱལ་མཚན་གྱི་སྲས་མོ།
སྨོན་ལམ་ཐེབས་པའི་ཇ་མ་བཅུ་གསུམ་གྱི་ཡ་ཀྱལ་དྭངས་སྨན་མཁའ་འགྲོ་སྡེ་ལྔའི་གཙོ་མོ།
ནེའུ་ཆུང་ལུ་གུའི་ཚར་ཡག་དེས་སེང་ཆེན་རིན་པོ་ཆེར་མཚམས་འདྲི་ཞུས་ཤིང་རྟ་ཁ་བླངས། རྨ་རྒྱལ་སྤོམ་རའི་ཕྱི་ནང་གསང་བའི་བཀོད་པ་དང་རྒྱུ་མཚན་དྲི་ཞུས་གནང་།
ལྷ་སྲས་མོན་ཆུང་འོད་དཀར་གྱི་སྤྲུལ་པ་འབུམ་པའི་རྒྱ་ཚ་ཞལ་དཀར་གྱིས་གནས་ཀྱི་བཀོད་པ་དགྲ་བླའི་རྒྱུ་མཚན་སོགས་ཕྱེས་བྱོན་གྱི་ལོ་རྒྱུས་སྙན་སྦྲོན་དུ་ཕུལ།
ཨ་ཁུ་ཁྲོ་ཐུང་སྐྱེངས་ནས་མངོན་ཤེས་དང་མཐོང་སྣང་ཡོད་མདོག་གི་ཁ་ཕོ་གཏམ། རྗེ་དཔལ་ལྡན་གུར་གྱི་མགོན་པོ།
བློན་མི་ཡི་རྣམ་པར་ཤར་བ་འབྲི་དགའ་བདེ་ཆོས་སྐྱོང་བེར་ནག་གིས་གླིང་དཀར་ཕྲལ་ཡུན་དགེ་བའི་བཀྲ་ཤིས་དང་སྨོན་ཚིག་གི་མེ་ཏོག་འཐོར་སྟེ་གླིང་དཔའ་ཐུལ་རྣམས་ཀྱིས་རང་རང་གི་རྫོངས་བཙན་བཟུངས་སོ།།
ནེའུ་ཆུང་།
སྨན་ང་དང་ང་ངོ་མ་ཤེས་ན།།
དྭངས་སྨན་མཁའ་འགྲོ་སྡེ་ལྔའི་ནང་།།
སྒྲོལ་མ་སྔོན་མོའི་སྤྲུལ་པ་ལ།།
ནེའུ་ཆུང་ལུ་གུའི་ཚར་ཡག་ཡིན།།
※ ※ ※ ※
དེ་ནས་དོན་རྩ་ཞུ་བ་ལ།།
ཁྱེད་ཕྱེས་བློན་གླིང་དཀར་རྒྱལ་བློན་རྣམས།།
རྨ་སྤོམ་རའི་བསང་ལ་བྱོན་ལམ་ནས།།
སྐུ་བདེ་བར་ཕེབས་པ་ངོ་མཚར་ཆེ།།
※ ※ ※ ※
ཤར་རྨ་རྒྱལ་སྤོམ་ར་ཞེས་བྱའི་རི།།
གངས་ཤེལ་གྱི་མཆོད་རྟེན་འདྲ་འོ་ཟེར།།
ནང་དག་པ་ལྷ་ཡི་ཕོ་བྲང་དེ།།
ཤར་མངོན་དགའི་ཞིང་དང་མཚུང་ངོ་ཟེར།།
གཏམ་བདེན་པ་རེད་དམ་རྫུན་པ་རེད།།
རྨ་སྤོམ་ར་ལྷ་ཡི་སྲས་པོ་ལ།།
ལྷོ་འཛམ་གླིང་ཕྱྭ་གཡང་ཡོད་དོ་སྐད།།
གླིང་སེང་ཆེན་གསེར་ཁྲིའི་གཡས་གཡོན་ན།།
མཐོང་མ་མྱོང་བྱིས་པ་གཞོན་ཆུང་གཉིས།།
ས་གང་གི་ཕྱོགས་ནས་འོང་བ་རེད།།
གླུ་འདིར་ཚོགས་རྒྱལ་བློན་ཐུགས་ལ་ཞོག །
བུ་ཆུང་གཉིས་ཀས།
རྒྱ་ཤོད་ནམ་མཁའ་ཡར་ལངས་ནས།།
རྒྱ་སྤྲང་ཕྲུག་སྲོ་མ་བཛྲ་ཟེར།།
སྟོད་དབུ་གཙང་དྭགས་པའི་ཞིང་ཁམས་ནས།།
བུ་ལྷ་བུ་མི་ཆུང་ཁ་བདེ་ཟེར།།
རྗེ་སེང་ཆེན་བཀའ་གསུང་དེང་བླང་ནས།།
གླིང་དཀར་པོའི་ཆོས་སྲིད་ཕྲིན་ལས་སྒྲུབ།
རྒྱ་ཚ་ཞལ་དཀར།
རྨ་རི་བོ་བཞི་ཡི་འདུས་མདོ་ནས།།
མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོངས་ནང་།།
གྲི་ཡ་ཟིའི་འཕྲུལ་འཁོར་བསྐོར་མི་ལ།།
གདོང་འབུམ་པའི་རྒྱ་ཚ་ཞལ་དཀར་ཡིན།།
※ ※ ※ ※
ད་མདོར་བསྡུས་ཚིག་རྩ་བཤད་པ་ན།།
གླིང་གེ་སར་གསུངས་བཞིན་ལྷ་བསང་བྱས།།
ལྷ་དཀར་ཕྱོགས་དབུ་འཕང་དགུང་བའི་མཐོ།།
བདུད་ནག་ཕྱོགས་ཁ་ཉམས་ཆུ་བའི་དམའ།།
གཏམ་དྲིས་ལན་གླུ་གར་བརྒྱ་ཕྲེང་མཛེས།།
ངག་སྙན་མོའི་དར་དཀར་རྐུད་པ་བསྒྱུས།།
ཚིག་སྡེབ་ལེགས་ནོར་བུའི་རྒྱན་ལྡན་འདིས།།
གླིང་ཡུལ་བ་ལྷ་སྡེའི་མགུལ་རྒྱན་མཛོད།།
ཁྲོ་ཐུང་།
ང་དང་ང་ངོ་མ་ཤེས་ན།།
ས་བཙན་པོ་སུ་རུའི་གདོང་ཟུར་ནས།།
མཁར་མཐོན་པོ་ཕོ་རོག་སྙིང་རྫོང་ནང་།།
གདོང་མ་བཞིའི་དཔོན་པོ་ཁྲོ་ཐུང་ཡིན།།
གླིང་དཀར་པོའི་ལྷ་བསང་མཆོད་པའི་སྐབས།།
ལྷ་འབྲོག་གནས་རྨ་རྒྱལ་སྤོམ་ར་སོགས།།
དཔའ་རྩ་གསུམ་དཀར་ཕྱོགས་སྲུང་མ་བཅས།།
དཔེ་ཉི་རྡུལ་གྲངས་དང་མཉམ་པ་མཇལ།།
དཔོན་ཨ་ཁུའི་མཐོང་སྣང་དེ་འདྲ་ཞིག །
གླིང་གེ་སར་ལ་ཡང་ཡོད་པ་མིན།།
ལྷ་རེ་རེ་བཞིན་དུ་བཤད་ཚོད་མེད།།
གླིང་དཀར་པོའི་བསམ་དོན་ཡང་དག་འགྲུབ།།
སྐུ་འཛམ་གླིང་སེང་ཆེན་རྒྱལ་པོ་དེ།།
ང་ཨ་ཁུའི་སྐུ་ཚ་ངོ་མ་རེད།།
དར་མི་གཅིག་ལྷ་རེག་དཀར་པོ་འདི།།
གླིང་གེ་སར་ཁྱེད་ལ་དཔའ་དར་ཕུལ།།
གེ་སར་རྒྱལ་པོ།
འོ་ན་དཔལ་གུར་གྱི་མགོན་པོའི་སྤྲུལ་པ། བློན་མི་ཡི་རྣམ་པར་བཞེངས་བ།
འབྲི་དགའ་བདེ་ཆོས་སྐྱོང་བེར་ནག་ཁྱོད་ཀྱིས་གླིང་དཀར་ལྷ་ཚོགས་རྣམས་ལ་བཀྲ་ཤིས་ཚིག་བཅད་ཀྱི་གླུ་ཞིག་ལོངས་དང་གནས་སྐབས་དང་མཐར་ཐུག་གི་རྟེན་འབྲེལ་ཡོད་དོ།།
དགའ་བདེ་ཆོས་སྐྱོང་བེར་ནག
ང་དང་ང་ངོ་མ་ཤེས་ན།།
ཟངས་ལྕགས་འདྲེས་མའི་མཁར་ནང་ནས།།
དམ་ཅན་མགར་བའི་བླ་བུ་ལ།།
ཆོས་སྐྱོང་བེར་ནག་ཞེས་བྱ་ཡིན།།
སྐུ་རབ་མཛེས་མཚན་དཔེའི་ལང་ཚོ་ལྡན།།
གསུང་རབ་སྙན་ཆོས་སྒྲས་འགྲོ་བའདུལ།།
ཐུགས་ཟབ་ཡངས་མཁྱེན་བརྩེས་ཆོས་ཀུན་གཟིགས།།
དཔལ་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །
སྐུ་འགྱིང་བག་ཞི་ཁྲོའི་ཉམས་དང་ལྡན།།
གསུང་རྔམས་པའི་ང་རོས་ས་གསུམ་འདར།།
ཐུགས་ཁྲོ་གཏུམ་དྲག་པོས་དགྲ་བགེགས་བསྒྲལ།།
ལྷ་ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །
སྐུ་མི་འགྱུར་མཁྱེན་རབ་རལ་གྲི་གཡོ།།
གསུང་མ་འགག་བརྩེ་ཆེན་པད་དཀར་འཆང་།།
ཐུགས་འཁྲུལ་མེད་ནུས་པའི་རྡོ་རྗེས་སྡིགས།།
ལྷ་རིགས་གསུམ་མགོན་པོའི་བཀྲ་ཤིས་ཤོག །
ལམ་བསླབ་གསུམ་བསྒྲུབ་པའི་ཉམས་ལེན་དང་།།
ལུང་སྡེ་གསུམ་བཤད་གྲྭའི་འཆད་ཉན་སོགས།།
དོན་སྤང་བླང་ལག་ལེན་མི་འཇོལ་བའི།།
མགོན་ཤཱཀྱ་ཐུབ་པའི་བཀྲ་ཤིས་ཤོག །
རྗེ་བླ་མ་དགུང་གི་ཉི་མ་དང་།།
གྲྭ་དཔོན་སློབ་ནམ་མཁའི་སྐར་ཚོགས་ལ།།
སྐུ་སྐྱེ་འཆི་འདས་འཁྲུངས་མི་འོང་བའི།།
ལྷ་ཨོ་རྒྱན་པདྨའི་བཀྲ་ཤིས་ཤོག །
གོང་ཆེ་རྒྱུད་དཔོན་གྱི་མངའ་ཐང་དེ།།
ཕྱོགས་མཐོ་བ་རི་རྒྱལ་ལྷུན་པོ་བཞིན།།
རི་ཆེན་པོ་གཡོ་འགུལ་མི་འོང་བའི།།
ལྷ་ཚངས་དབང་གཉིས་ཀྱི་བཀྲ་ཤིས་ཤོག །
འོག་ཡུལ་སྡེ་འབངས་ཀྱི་དབང་ཐང་དེ།།
གཏིང་ཟབ་པ་མཐའ་ཡི་རྒྱ་མཚོ་བཞིན།།
མཚོ་ཆེན་པོ་བྲི་གང་མི་འོང་བའི།།
ཀླུ་མི་མགོན་དཀར་པོའི་བཀྲ་ཤིས་ཤོག
།
གླིང་དཔའ་ཐུལ་སྟག་མོའི་གདོང་གྲལ་དེ།།
དཔའ་ཡ་མེད་གནམ་ལྕགས་ཐོག་དང་མཚུངས།།
ཐོག་དམར་པོའི་རྩལ་ཤུགས་མི་ཞེན་པའི།།
དཔལ་ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །
འབྲི་སྒ་བདེའི་ཞལ་གྱི་མཛོད་ཁང་ནས།།
གླུ་ཚིག་བཅད་ནོར་བུའི་གཏེར་སྒོ་ཕྱེས།།
དོན་གང་བསམ་འགྲུབ་པའི་དགའ་སྟོན་འགྱེད།།
ཡུལ་མཐོ་དམན་ཀུན་ལ་བཀྲ་ཤིས་ཤོག །
ལྷ་རིགས་གསུམ་མགོན་དང་པད་འབྱུང་དངོས།།
གླིང་སེང་ཆེན་རྒྱལ་པོས་བཀྲ་ཤིས་ཤོག །
མགོན་རྒྱལ་ཀུན་ཕྲིན་ལས་རང་གཟུགས་མ།།
སྨན་སེང་ལྕམ་འབྲུག་མོས་བཀྲ་ཤིས་ཤོག །
སྐྱབས་བསླུ་མེད་དཀོན་མཆོག་ཐུགས་རྗེ་ཡིས།།
འདིར་འཚོགས་པའི་གཡང་འཁྱིལ་ལྷ་སྡེ་རྣམས།།
དགུང་ཉི་ཟླ་གཟའ་ལས་གྲོལ་བ་བཞིན།།
ཕྱོགས་ཀུན་ལས་རྣམ་པར་རྒྱལ་གྱུར་ཅིག །
ཛ་ཡ་ཛ་ཡ་སུ་ཛ་ཡ༔
ཚང་མ། འོ་
ལེགས་སོ།། ༼
ཡོལ་བ་དལ་གྱིས་བསུམ་ཏེ་འཁྲབ་ཚན་ལྔ་བ་རྫོགས་སོ།། ༽
འཁྲབ་ཚན་དྲུག་པ།
རྟ་རྫིའི་ངག་ལས་རྒྱུ་མཚན་དྲིས།།
རྟ་བཟང་ཁྲ་ཁྱུ་ལྔ་བརྒྱ་འདེད།།
གླིང་གེ་དཔའ་ཆེན་རྣམ་གཉིས་ཀྱིས།།
ཧོར་བློན་སྐུ་མཆེད་དམར་གསོད་བྱས།།
དེར་ཧོར་གྱི་བ་ཐུལ་རྣམས་ཀྱིས་ཕྱུགས་སྐྱ་ལོ་ཚང་གི་རྟ་རྫི་ལས་གླིང་གཞི་ཕྱེས་ཀུན་གྱི་རྒྱུ་མཚན་གསལ་བོར་ཐོས་ཕྲལ་ཁག་གཉིས་སུ་བསྒོས་ནས། རྒྱལ་སྲས་སྟག་ལྷ་ཁྲི་རྒྱལ།
སྟོབས་ལྡན་ཁྲོ་ཆུ་ཐོག་རྒྱལ་གཙོས་བ་ཐུལ་བཅུ་གཅིག་སྐྱ་ལོའི་རྟ་བྲང་དུ་རྒྱུགས་ཤིང་འདོ་བ་དུང་བྱ་རྣ་ཁྲ།
མགྱོགས་པ་གཡང་རྫི་ཐོད་དཀར་སོགས་རྟ་ཁྲ་ཁྱུ་ལྔ་བརྒྱ་ཙམ་དེད་ནས་སོང་ཚེ།
བློན་ཆེན་ཚ་ཞིང་འདན་མ་དང་སྐྱེས་ཡག་ཉི་མ་རང་ཤར་གཉིས་སྔ་གཞུག་དུ་ཐོན་ཅིང་འཐབ་པས་ཧོར་གུར་སེར་རྒྱལ་པོའི་སྲས་པོ་རྒྱལ་སྲས་སྟག་ལྷ་ཁྲི་རྒྱལ་དང་བློན་ཆེན་ཁྲོ་ཆུ་ཐོག་རྒྱལ་གཉིས་བསད་ཅིང་དཔའ་དེ་བྱས་ཀྱི་གཏིང་མའི་འཛམ་གླིང་ཁྱབ་པར་བྱས་དེ་མགོ་དར་འཕྲུ་དང་བཅས་པ་གླིང་ལ་ཁྱེར་རོ།།
རྟ་རྫི་བྲ་ལོ། ༼ དམངས་གླུ
༽
གངས་ཤེལ་གྱི་མཆོད་རྟེན་ཤར་འདྲ་བོ།།
ཤར་རྨ་རྒྱལ་ལྷ་ཡི་བླ་རི་རེད།།
སྡེ་ཆེན་པོ་སྐར་ཚོགས་ཤར་འདྲ་བོ།།
གླིང་ཚོ་དྲུག་ལྷ་སྡེ་ཕྱུགས་མོ་རེད།།
དཔོན་ཁེབ་ཆེན་ཉི་མ་ཤར་འདྲ་བོ།།
ཁོང་གེ་སར་ནོར་བུ་དགྲ་འདུལ་རེད།།
༼ གླུ་བླངས་ཚར་ལ་ཉེ་བར་གློ་བུར་དུ ༽
མཆོང་ལྷ་སྨུག་པོ།
ཡ་ཁྱོད་ཀྱིས་འདི་རུ་ཅི་བྱེད། མིང་ལ་ཅི་ཟེར།
གླིང་དཀར་བོའི་གསལ་ཁ་འཆད་དམ་མི་འཆད།
མི་འཆད་ན་སྲོག་དམར་གཅོད་ངེས།
རྟ་རྫི་བྲ་ལོ།
འཆད་འཆད་འཆད ། ངའི་མིང་ལ་བཀྲ་ལོ་ཟེར། འདིར་སྐྱ་ལོ་སང་རྟ་རྫི་བསྡད་པ་ཡིན། རྒྱ་ཚ་ཞལ་དཀར་དཔོན་ཡོག་རྣམས་ཞིང་པོ་རྒྱ་ནག་དུ་སོང་ ནས་ཉིན་བཅུ་བདུན་ཙམ་ཡིན། འབྲུག་མོ་དཔོན་ཡོག་རྣམས་གནས་འཇལ་དུ་སོང་ནས་ཕྱིར་ཕ་ཁྱིམ་དུ་སླེབས་ཙམ་ཡིན།
ཁྲོ་ཆུ་ཐོག་རྒྱལ
།
སྐྱ་ལོ་སང་རྟ་ཁྲ་ཁྱུ་རྣམས་གང་ན་ཡོད།
རྟ་རྫི་བྲ་ལོ།
འདོ་བ་དུང་བྱ་རྣ་ཁྲ་སོགས་རྟ་ཁྲ་ཁྱུ་རྣམས་རི་ཕ་གི་ན་ལུང་སྟོད་ན་ཡོད་ལགས།
རྒྱལ་སྲས་སྟག་ལྷ་ཁྲི་རྒྱལ།
འོ་ན།
མཆོང་ལྷ་སྨུག་པོ་དང་སྟོང་དཔོན་འབྲུག་སྒྲ་ཁྱེད་རྣམས་སོང་ལ། འབྲུག་མོ་བཙན་འཕྲོག རྒྱུ་རྫས་རྣམས་ལོང་དང་། ཁྲོ་ཆུ་ཐོགས་རྒྱལ་ ངེད་གཉིས་ཀྱིས་དེ་ཕྱིས་གཏིང་མ་མ་ལོན་ན་ལྩོག་ལྷ་མཚར་རྩེ་དཔང་།
མཆོང་ལྷ་སྨུག་པོ་དང་སྟོང་དཔོན་འབྲུག་སྒྲ་སོགས། ལེགས་སོ།།
ཚ་ཞིང་འདན་མ།
ཡ་ཁོ་རེ་ཧོར་ཕྲུག་ཧམ་པ་ཅན།།
རྟ་དེ་བའི་ཡན་ལ་མ་དེད་ཅིག །
མཚོན་རྣོན་པོའི་རྩེ་ལ་མི་སྐྱོན་རི།།
ཟངས་ལྕགས་འདྲེས་མའི་མཁར་ནང་ནས།།
དམ་ཅན་མགར་བ་ནག་པོ་མཁྱེན།།
དགྲ་ཁྲག་དྲོན་མོའི་གསེར་སྐྱེམས་མཆོད།།
འདན་མ་བློན་གྱི་ཁ་འཛིན་མཛོད།།
ཡ་ཚེ་ཟད་འཕྲུ་དམར་དོག་ཞྭ་ཅན།།
ཁྱོད་ཨ་ཆེན་ཧོར་ཕྲུག་བཤད་མ་དགོས།།
དྲིན་ཕ་མའི་གཅེས་ཕྲུག་གཞོན་ནུ་ཁྱོད།།
བློན་འདན་མའི་ལག་ན་འཆི་རེ་རན།།
གླི་མུ་བའི་བློན་ཆེན་འདན་མ་ང་།།
ཕོ་སུ་མ་ཡིན་གྱི་འགྲན་རྒྱུ་མེད།།
གཏམ་ཨེ་བདེན་ལྟོས་ལ་རྒུག་ནས་སྡོད།།
གོ་ཨེ་བྱུང་ཧོར་ཕྲུག་ངང་པ་སྐྱ།།
སྟག་ལྷ་ཁྲི་རྒྱལ།
ལྷ་ཐེའུ་རང་དཀར་ནག་ཁྲ་གསུམ་པོ།།
དུས་དེ་རང་དཔའ་བོའི་གྲོགས་ལ་བྱོན།།
ཧོར་གུར་སེར་དཔོན་གྱི་རྒྱལ་རྒྱུད་ལ།།
ང་དཔའ་བོ་སྟག་ལྷ་ཁྲི་རྒྱལ་ཟེར།།
ཁྱོད་གླིང་རུས་བཙན་པོ་ཚོད་མེད་དེས།།
ཧོར་ཐོ་ཐོག་རྒྱལ་པོ་འུར་རྡོས་བགྲོངས།།
ཀུན་དགའི་བུ་མོ་གཟི་མཚོ་མ།།
སྐྲ་གྲི་འཕྲོ་ཧྲུག་གེ་ཧོར་ལ་ཕུད།།
ལས་དེ་བྱས་ལན་པོ་མ་འཕྲོད་ན།།
ཧོར་རྒྱལ་སྲས་མིན་པའི་རྟགས་ལ་ཞོག །
ངེད་རྒྱལ་བློན་བ་ཐུལ་བཅུ་བདུན་ཡོད།།
གླིང་དཀར་པོར་དགྲ་ལན་ཡོངས་ལེ་ཡིན།།
མཚོན་གཡུག་ཕོད་ཡོད་ན་གདོང་ལ་གཅོར།།
བདུད་ནག་པོ་སྡིག་ལ་ཧམ་པ་ཅན།།
ཆོས་སངས་རྒྱས་བསྟན་པའི་ཁ་གནོན་ཡིན།།
ཧོར་རྒྱལ་སྲས་སྟག་ལྷ་ཁྲི་རྒྱལ་ང་།།
བློན་འདན་མའི་སྲོག་གི་གཤེད་མ་ཡིན།།
གཏམ་ཨེ་ཟེར་ལྟོས་ལ་རྒུག་ནས་སྡོད།།
༼
ཁྲོ་ཆུ་ཐོག་རྒྱལ་གྱིས་མྱ་ངན་བྱས། ༽
ཁྲོ་ཆུ་ཐོག་རྒྱལ
ཧོར་སེར་བོའི་བརྟེན་པའི་སྲུང་མ་རྣམས།།
དགྲ་གདོང་ཐུག་རྒྱལ་ཁ་ལོན་པར་ཤོག །
ཧོར་དཔའ་རིའི་དཀྱིལ་ཐང་བར་མ་ན།།
དཔའ་སྟོབས་ལྡན་ཁྲོ་ཆུ་ཐོག་རྒྱལ་ཟེར།།
ཧོར་རྒྱལ་སྲས་སྟག་ལྷ་འདས་རྒྱབ་ལ།།
ཕོ་ང་འདྲ་ཡོད་པའི་ཅི་ཞིག་བྱེད།།
ངས་ཡག་ནག་གླིང་ཕྲུག་ཧ་ལ་འཕེན།།
ཧོར་སེར་བོའི་ཞབས་ཕྱི་འགྲུབ་ལེ་ཡིན།།
ཉེས་ན་རང་སྲོག་འབེན་ལ་འཇོག །
བུ་དཔའ་བོའི་བསམ་པ་འགྲུབ་ལེ་ཡིན།།
ལྷ་ཐེའུ་རང་དཀར་ནག་ཁྲ་གསུམ་པོ།།
མཚོན་སོ་ཁ་ཕྱུང་ལ་གློ་སྙིང་བྲག །
དམར་ཙ་རེ་རྨ་ཐང་སྟོད་ལ་གཡུག །
གླིང་ཁྱི་ཕྲུག་ཡིད་ལ་དེ་ལྟར་ཞོག །
ཉི་མ་རང་ཤར།
ཁྲ་བོ་ཡུལ་ལྷའི་སྡེ་ཚོགས་ནས།།
གཞི་བདག་རྨ་རྒྱལ་སྤོམ་ར་མཁྱེན།།
ཕོ་ང་དང་ང་ངོ་མ་ཤེས་ན།།
དཔའ་སྐྱེ་ཡག་ཉི་མ་རང་ཤར་ཟེར།།
དེ་རིང་གཏུག་པའི་གཏིང་མ་ལ།།
ཁྱི་རྒན་གུར་སེར་རྒན་པོའི་བུ།།
རྒྱལ་སྲས་སྟག་ལྷ་ཁྲི་རྒྱལ་དེ།།
ཁྲི་རྒྱལ་མ་རེད་ཁྲི་ཕམ་རེད།།
ཡ་ཁོ་རེ་ཁྲོ་ཆུ་ཐོག་རྒྱལ་བུ།།
དཔའ་ཁྱོད་རང་རྒྱལ་ན་བ་ཐུལ་རེད།།
མགོ་དར་འཕྲུ་གནང་ལ་ཆོད་ལ་སོང་།།
ཕོ་ང་རང་རྒྱལ་ན་དཔའ་ཐུལ་ཡིན།།
དཔའ་གཏིང་མ་དགུང་ལ་གྲགས་ལེ་བྱེད།།
དེ་མ་བརྗེད་ཁྱོད་ཀྱི་སེམས་ལ་ཞོག །
༼
ཡོལ་བ་དལ་གྱིས་བསུམ་ཏེ་འཁྲབ་ཚན་དྲུག་པ་རྫོགས་སོ།། ༽
འཁྲབ་ཚན་བདུན་པ།
གདོང་བཙན་གནང་ལུའི་ཨ་དཔལ་དང་།།
སྐྱ་ལོའི་བུ་ཡག་འབྲུག་རྒྱལ་གྱིས།།
མཆོང་ལྷ་སོགས་དང་ཡུན་རིང་འཐབ།།
འདོ་ཆེན་སུམ་བརྒྱ་གླིང་ལ་ཐོབ།།
མཆོང་ལྷ་སྨུག་པོ་དང་།
སེ་ར་ཐོག་རྒྱལ་གཙོས་བ་ཐུལ་བརྒྱད་པོའི་འབྲུག་མོ་བཙན་འཕྲོག་བྱེད་པར་འདོད་ཀྱང་། དཔའ་གདོང་བཙན་གནང་ལུའི་ཨ་ དཔལ་དང་། སྐྱ་ལོའི་བུ་ཡག་འབྲུག་རྒྱལ་སོགས་ཀྱིས་གདོང་བཀག་སྟེ་ཇ་ཡུན་ཙམ་དུ་འཁྲུགས་ཀྱང་མུན་རུབ་སྟེ་ཕན་ཚུན་ཕམ་རྒྱལ་ཆེན་པོ་མ་བྱུང་། མགྱོགས་པ་གཡང་རྫིའི་ཐོད་དཀར་སོགས་ཁྲ་ཁྱུ་སུམ་བརྒྱ་ཙམ་གླིང་ལ་ཐོབ་སྟེ་སོ་སོར་རང་ཡུལ་དུ་ལོག་གོ །
མཆོང་ལྷ་སྨུག་པོ།
ས་བཙན་པོ་ཧོར་གྱི་ས་ཆ་ནས།།
ང་བ་ཐུལ་མཆོང་ལྷ་སྨུག་པོ་ཡིན།།
ཚུར་འོངས་དམག་གི་སྔོན་མ་ཡིན།།
ཕར་འགྲོའི་དམག་གི་སྡོད་མ་ཡིན།།
གླིང་དཀར་པོའི་སྲོག་གི་གཤེད་མ་ཡིན།
གདོང་བཙན་ཨ་དཔལ།
ང་འདྲའི་ང་ངོ་མ་ཤེས་ན།།
གདོང་བཙན་སྣང་ལུས་ཨ་དཔལ་ཡིན།།
ལྟག་ནས་འཇབ་པ་མ་ངན་བུ།།
གདོང་ནས་རྒྱུག་ལ་སུ་བཟང་བལྟ།།
ཁྲ་རིང་མདུང་དང་ཉག་ཕྲན་མདའ།།
རྣོན་པོ་མཚོན་གྱི་འཕྲུལ་འཁོར་རྣམས།།
དེ་རྣམས་མི་བྱེད་བསྐྱུར་ལ་ཐོངས།།
དཔའ་ཐག་ཆོད་དཔའ་བོ་ལག་འཛིང་བྱེད།།
སེ་ར་ཐོག་འགྱུར།
ང་འདྲའི་ང་ངོ་མ་ཤེས་ན།།
དམར་པོ་བཙན་གྱི་སྡོང་ཟླ་དང་།།
དཀར་ཕྱོགས་ཆོས་ཀྱི་ཁ་གནོན་ལ།།
དམག་དཔོན་སེ་ར་ཐོག་འགྱུར་ཡིན།།
མདའ་གནམ་ལྕགས་ཐོག་མདས་སྲོག་རྩ་ཆོད།།
མདིལ་ཁྲོ་ཆུ་ཞུན་མའི་གློ་སྙིང་ལོངས།།
སེམས་རྣམ་ཤེས་ངན་སོང་གནས་ལ་སོང་།།
ལས་དེ་མིན་མཐའ་རུ་ག་ལ་ཡོད།།
ཁྱོད་རྐྱེན་བསམ་མདའ་མོ་འཕང་བ་བས།།
ས་བཙན་པོའི་སྐྱེར་ཚེར་ཟུག་པའི་འཐུ།།
མདའ་དེ་འདྲ་འཕེན་ན་ངོ་རེ་ཚ།།
ཁྱོད་རྡར་མའི་ལྟད་མོ་འདི་ལྟར་ལྟོས།།
བུ་ཡག་འབྲུག་རྒྱལ།
ཕོ་ང་འདྲའི་ང་ངོ་མ་ཤེས་ན།།
བྱང་མེ་ལྕགས་གཡང་གི་རྭ་བ་ནས།།
ཕ་སྐྱ་ལོ་སྟོན་པའི་སྲས་པོ་ལ།།
དཔའ་ཡ་མེད་བུ་ཡག་འབྲུག་རྒྱལ་ཟེར།།
སྲོག་ལེན་དགོས་དགྲ་འདུལ་ཝེར་མའི་ཚོགས།།
དགྲ་ཕམ་དགོས་རྨ་རྒྱལ་གླིང་གི་ལྷ།།
གནང་ཆོད་དགོས་རྒྱལ་ཆེན་རྣམ་ཐོས་སྲས།།
ཧོར་བསྟན་དགྲ་ནག་པོ་ཐང་ལ་རྡོབས།།
༼
ཡོལ་བ་དལ་གྱིས་བསུམ་ཏེ་འཁྲབ་ཚན་བདུན་པ་རྫོགས་སོ།། ༽
འཁྲབ་ཚན་བརྒྱད་པ།
ཚོ་དྲུག་ཡུལ་པའི་ལྷ་དམག་གིས།།
དཀར་ཕྱོགས་དབུ་འཕང་མཐོ་བ་དང་།།
ནག་པོའི་ཕྱོགས་ལས་རྣམ་རྒྱལ་ཕྱིར།།
བཀྲ་ཤིས་བདེན་ཚིག་གླུ་དབྱངས་བླངས།།
འབྲུག་མོ། ནེའུ་ཆུང་།
དཔའ་ཆེན་རྣམས་ཀྱི་སྐུ་ལ་གནོད་འཚེ་མ་བྱུང་ངམ།
དཔའ་ཆེན་རྣམས།
མ་བྱུང་ལགས། མ་བྱུང་ལགས།
འབྲུག་མོ།
བཞུགས་གདན་འཇགས། བཞུགས་གདན་འཇགས།
ཚ་ཞིང་འདན་མ།
ང་དང་ང་ངོ་མ་ཤེས་ན།།
བློན་ཚ་ཞིང་འདན་མ་བསམ་འགྲུབ་ཟེར།
ས་འདིའི་ས་ངོ་མ་ཤེས་ན།།
སྐུ་མཁར་སེང་འབྲུག་སྟག་རྩེ་རེད།།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།།
ངག་ཐ་ལ་གླུ་ཡི་ལེན་ལུགས་རེད།།
ད་གལ་ཆེན་དོན་རྩ་ཞུ་བ་ལ།།
ངེད་གླིང་དཀར་ལྷ་བསང་བྱས་པའི་ཕྲལ།།
ཧོར་རྒྱལ་སྲས་སྟག་ལྷ་ཁྲི་རྒྱལ་དང་།།
བ་ཐུལ་མཆོང་ལྷ་སྨུག་པོ་སོགས།།
དམག་ཧྲག་བསྡུས་བཅུ་བདུན་གླིང་ལ་ཐོན།།
ཧོར་ཐོ་ཐོག་རྒྱལ་པོ་བསད་པ་དེས།།
སྐྱེ་ཕོ་གྱོད་ཕ་འོང་རྒས་མེད་དང་།།
སྨན་གཟི་མ་ལྷ་མཚོ་ཕྱིར་ཕུད་པས།།
སྨན་མོ་གྱོད་ཤུག་སྡོང་རུལ་མེད་དེ།།
དུས་ད་དུང་མ་འགྲིགས་ལུས་ཡོད་ཟེར།།
ཕྱུགས་སྐྱ་ལོའི་མཚེར་ས་གོང་མ་ནས།།
རྟ་འདོ་བ་དུང་བྱ་རྣ་ཁྲ་སོགས།།
རྟ་ཁྲ་ཁྱུ་མང་ཙམ་དེད་ནས་ཐལ།།
དེའི་ར་མདར་བློན་པོ་ང་རང་དང་།།
དཔའ་སྐྱེས་ཡག་ཉི་མ་རང་ཤར་གཉིས།།
བུ་གནང་རྒྱས་བུ་ཡག་འབྲུག་རྒྱལ་སོགས།།
ངེད་དཔའ་ཐུལ་མི་བཅུ་སྔ་གཞུག་ཐོན།།
ཧོར་གུར་སེར་དཔོན་གྱི་རྒྱལ་སྲས་ལ།།
དཔའ་བོ་སྟག་ལྷ་ཁྲི་རྒྱལ་དེའི།།
གཅེས་སྲོག་འདན་མ་ང་ཡིས་བླངས།།
ཧོར་དམག་དཔོན་ཁྲོ་ཆུ་ཐོག་རྒྱལ་དེ།།
སྐྱེས་ཡག་ཉི་མས་མཚོན་ལ་དྲངས།།
རྟ་ཁྲ་ཁྱུ་ལྔ་བརྒྱ་རང་ནོམ་ལོན།།
དཔའ་དེ་བྱས་རྟིང་མ་བླངས་ནས་ཡོད།།
མགོ་དར་འཕྲུ་བཅས་པ་ཁྱེར་ནས་ཡོད།།
སྐུ་སེང་ཆེན་དཔོན་ལ་སྤྱན་གཟིགས་འབུལ།།
ཁྱེད་འདིར་ཚོགས་ཀུན་གྱི་ཐུགས་ལ་ཞོག །
གེ་སར་རྒྱལ་པོ།
ངས་ལག་ན་བཟུང་བའི་ལྷ་རེག་འདི།།
མགོན་ཨོ་རྒྱན་པདྨའི་སྒྲུབ་དར་ཡིན།།
མདོག་མི་གཅིག་ལྷ་རེག་རེ་རེ་དང་།།
རྟ་འདོ་བ་ཁྱུ་ལ་ཁྱུ་མཐུད་གྲངས།།
སྟག་གཟིག་སྤགས་པའི་དགུ་ཚན་སོགས།།
གླིང་དཔའ་ཆེན་རྣམས་ལ་དཔའ་དར་འབུལ།།
ཡ། དགའ་བའི་བྲོ་གར་དང་སྐྱིད་པའི་གླུ་དབྱངས་སོགས་རྟེན་འབྲེལ་དགའ་སྟོན་གྱི་བཟའ་བཏུང་གྱ་ནོམ་པ་གྱིས་ཤིག
ཚང་མ། འོ་ལེགས་སོ།
ཞབས་བྲོ།
ཨ་སྔོན་ནམ་མཁའི་མཐོང་ནས།།
མཐོན་པོ་ཉི་ཟླ་སྐར་གསུམ།།
དེ་རིང་མཉམ་དུ་ཤར་བས།།
སྐྱེ་དགུའི་གཙུག་གི་ནོར་བུའི།།
དབུ་འཕང་དགུང་དང་མཉམ་པའི།།
རྟེན་འབྲེལ་རང་འགྲིགས་བྱུང་སོང་།།
བར་སྣང་ཡངས་པའི་དཀྱིལ་ནས།།
བཙན་པོ་ཐོག་འབྲུག་གློག་གསུམ།།
དེ་རིང་མཉམ་དུ་འཛོམས་པས།།
དཔའ་བརྟུལ་དགྲ་བླའི་ཚོགས་ཀྱི།།
ཕྲིན་ལས་ཕྱོགས་བཅུར་རྒྱས་པའི།།
རྟེན་འབྲེལ་རང་འགྲིགས་བྱུང་སོང་།།
ཡངས་པའི་རྩྭ་ཐང་ཕྱུགས་མོར།།
མཛེས་སྡུག་རྟ་ནོར་ལུག་གསུམ།།
དེ་རིང་མཉམ་དུ་ཚོགས་པས།།
རང་རེ་ལྷ་སྡེ་ཁྲ་མོ།།
བསོད་ནམས་ལོངས་སྤྱོད་རྒྱས་པའི།།
རྟེན་འབྲེལ་རང་འགྲིགས་བྱུང་སོང་།།
བཀྲ་ཤིས་བདེན་ཚིག་ལྷ་ཡི་རྔ་སྒྲ།
བཀྲ་ཤིས་གང་ཞིག་བྱང་ཆུབ་ཤིང་གྲོང་།།
རྣམ་འདྲེན་བཞི་བ་མི་ཡི་སེང་གེས།།
བདུད་འདུལ་དཔའ་བོའི་ང་རོ་སྒྲོགས་པས།།
མུ་སྟེགས་སྡེ་དྲུག་སྲོག་སྙིང་འགེམ་སོང་།།
※ ※ ※ ※
བཀྲ་ཤིས་གང་ཞིག་ཁ་བའི་ལྗོངས་སུ།།
གསང་སྔགས་སྟོན་མཆོག་པདྨ་སམྦྷས།།
ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ་བས།།
མདོ་སྔགས་བསྟན་གཉིས་ཉི་གཞོན་གསལ་སོང་།།
※ ※ ※ ※
བཀྲ་ཤིས་གང་ཞིག་ལྕགས་མོའི་རྒྱལ་ཁམས།།
རྫོགས་ཆེན་རྣལ་འབྱོར་ཚུལ་ཁྲིམས་རྡོ་རྗེས།།
ཐེག་དགུའི་རྩེ་རྒྱལ་མན་ངག་སྡེ་བས།།
སྐལ་ལྡན་གདུལ་བྱའི་ཤེས་རྒྱུད་གྲོལ་སོང་།།
※ ※ ※ ※
བཀྲ་ཤིས་གང་ཞིག་བྲག་དཀར་ལྷ་རིར།།
སྔོན་སྨོན་ཐུགས་བསྐྱེད་དུས་སུ་སྨིན་ནས།།
བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་ཕྲིན།།
ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་སོང་།།
བཀྲ་ཤིས་ལྷ་རྒྱལ་ལོ།།
༼
ཡོལ་བ་དལ་གྱིས་བསུམ་ཏེ་འཁྲབ་ཚན་བརྒྱད་པ་རྫོགས་སོ།། ༽