སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་སྒྲུང་གི་གཏེར་མཛོད་ཆེན་པོ་ཞིག་སྐུ་འདས་པར་ཕུལ་བའི་མྱ་ངན་ཞུ་ཚིག ། ཚན་པ་གསུམ།

འཕྲལ་བྱུང་གི་སྐྱོ་གཏམ།

 

སྔོན་ཚེ་རང་བྱུང་ཨོ་རྒྱན་པདྨ་ཡིས། །

ལས་ཅན་སྙིང་གི་བུ་ལ་བརྩེར་དགོངས་ཏེ། །

མཚོན་བྱེད་རྟགས་ཀྱི་བརྡ་ཤོག་གཏད་པའི་མཐུས། །

མཚོན་བྱ་དོན་གྱི་དགོངས་པའི་གཏེར་མཛོད་རྡོལ། །

 

ད་ལྟ་དུས་ཀྱི་ཡང་མཐར་སོན་ན་ཡང་། །

ཕ་གཅིག་པདྨའི་ཐུགས་རྗེ་མཐུ་བཙན་པས། །

ཟབ་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་འདི། །

སྙིགས་དུས་འདིར་ཡང་བསྟན་འགྲོའི་གསོས་སུ་ཆེ། །

 

ཁྱད་པར་དུས་ངན་རྒུད་པ་འཇོམས་པའི་ལྷ། །

རིགས་གསུམ་གཅིག་བསྡུས་པདྨའི་སྒྱུ་འཕྲུལ་གར། །

གླིང་རྗེ་སེང་ཆེན་མི་ཡི་ཉི་མ་སྟེ། །

གང་དེའི་ཟབ་གཏེར་མཛོད་འཛིན་ཉུང་ཉུང་མིན། །

 

དེ་ཡི་ནང་ཚན་གུ༵་རུ༵འི་གདུང་འཚོབ་མཆོག །

གེ་སར་སྐྱེས་བུའི་གསང་གསུམ་རྣམ་ཐར་གྱི། །

བསྟན་པའི་རྒྱལ༵་མཚན༵་མཁའ་ལ་ཆེར་སྒྲེང་བས། །

ལྕགས་མོའི་ཡུལ་དུ་འཕྲོག་བྱེད་དར་མའི་བུ། །

 

དེ་ལྟ་ན་ཡང་དུས་ཀྱི་བསོད་ནམས་ཀྱིས། །

མ་ཐེག་ཁྱེད་སྐུ་ཟླ་བ་དཀར་པོ་དེ། །

དབང་སྔོན་ཨ་ཡིག་ཀློང་དུ་བསྡུས་ཞེས་ཐོས། །

ཀྱེ་མ་ཀྱེ་ཧུད་ཅི་འདྲའི་གྱོང་རྒུད་ཅིག །

 

མི་མིན་ཌཱཀྐིའི་རྒྱང་གླུ་ལེན་སྔ་སོང་། །

ལེགས་བྲིས་གཞོན་ནུས་བྲོ་གར་སྒྱུར་སྔ་སོང་། །

གང་ཁྱོད་ཐུགས་ཀྱང་ཞིང་ལ་འདུན་སྔ་སོང་། །

ད་དུང་སྙིགས་མའི་འགྲོ་དོན་ཅུང་བསྒྲུབ་འཚལ། །

 

འོན་ཀྱང་དུས་ཀྱི་རྒྱལ་མོའི་རང་གཤིས་འདི། །

རྟག་འཛིན་གྱིས་བཅིང་འགྲོ་ལ་ངོམ་པ་ནི། །

སྐྱེ་འཆིའི་འཇིགས་བྲལ་བདེ་གཤེགས་སྤྱི་ལུགས་ཏེ། །

ད་ནི་སྐྱོ་གྲོགས་མཆོག་གསུམ་ལས་གཞན་ཅི། །

 

རྩ་གསུམ་སྤྱི་དང་ཁྱད་པར་སེང་ཆེན་རྗེས། །

ཁྱོད་ཀྱི་ས་ལམ་བར་ཆད་ཀུན་བསལ་ཏེ། །

མཁའ་སྤྱོད་མཁའ་འགྲོའི་གླུ་བྲོ་གར་རྩེད་བཅས། །

མཐོང་སྨོན་པདྨ་འོད་དུ་བདེ་བར་ཕེབས། །

 

ཞིང་དེའི་རིག་འཛིན་དཔའ་བོ་ཌཱ་ཀི་ཡིས། །

སྨིན་གྲོལ་གདམས་པའི་མཛོད་ཆེན་བརྙེས་པའི་ཚེ། །

སླར་ཡང་ཁ་བའི་ལྗོངས་ཆེན་ཉམས་དགའ་བར། །

གླིང་དཀར་བསྟན་པའི་རྒྱན་དུ་མྱུར་འབྱོན་གསོལ། །

ཞེས་གླིང་དཀར་བསྟན་པའི་ལས་གྲོགས་སྒྲུང་གཏེར་གུ་རུ་རྒྱལ་མཚན་སྐུ་གཤེགས་པ་ཐོས་འཕྲལ་དེ་མ་ཐག་ཏུ་མགོ་ལོག་པ་ཀུན་བཟང་རྒྱལ་མཚན་གྱིས་སྐྱོ་བའི་ངོགས་ནས་ཤར་མར་སྤེལ་བའོ།



སེམས་གཅོང་རྒྱ་མཚོའི་རྦ་རླབས་གཡོ་བའི་རང་གདངས་ཞེས་བྱ་བ།

 

ཨོ་རྒྱན་ཐུགས་སྤྲུལ་གླིང་རྗེ་སེང་ཆེན་མཁྱེན།།

                           ༡

མགྲིན་པ་འོ་མའི་རྒྱ་མཚོ་གླིང་སྒྲུང་གིས་བལྟམས་ཤིང་།།

གསུང་གི་འགྱུར་ཁུགས་སྐུ་ཡིས་སྟངས་སྟབས་སོགས་ཟླ་བྲལ།།

སྒྲུང་ཆེན་ངག་དབང་རིག་འཛིན་ཞིང་གཞན་ལ་གཤེགས་སོང་།།

ཁྱེད་འདྲའི་སྒྲུང་མཁན་སྲིད་འདིར་རེ་ཟུང་ཙམ་ཡོད་དམ།།

                                 ༢

བློན་ཆེན་འདན་མའི་སྤྲུལ་བ་ཨ་སྐྱོང་གི་རིགས་འཁྲུངས།།

གཏེར་སྒྲུང་དབང་ཆེན་སྟོབས་རྒྱལ་གླིང་དཀར་གྱི་ཕོ་ཉ།།

གསོ་རིག་སྨན་སྒྲུང་བདུད་རྩིའི་གཏེར་མཛོད་ཡང་བཞུད་སོང་།།

ཤུལ་འབངས་སྐྱོ་བའི་མཆི་མ་རྒྱ་མཚོ་རུ་སྐྱིལ་མྱོང་།།

                              ༣

ཁྲ་གླིང་ཡུལ་བརྒྱན་གླིང་དཀར་བསྟན་འཛིན་གྱི་མཆོག་སྤྲུལ།།

བསྟན་པའི་ཉི་མ་འཇིག་རྟེན་མུན་སེལ་གྱི་སྒྲོན་མེ།།

དཔའ་བོ་གླིང་གི་འཕྲིན་ལས་ཕྱོགས་བཅུ་རུ་སྤེལ་མཛད།།

གང་ཉིད་མ་དབང་ནུབ་རིའི་ཕངས་པ་རུ་གཟིམས་སོང་།།

                               ༤

སྦས་པའི་རྣལ་འབྱོར་བློ་བཟང་འོད་ཟེར་གྱི་མཚན་འཆང་།།

ཟབ་གཏེར་ཀློང་རྡོལ་གླིང་སྒྲུང་རིན་ཆེན་གྱི་གཏེར་བུམ།།

ད་ལྟ་མི་བཞུགས་གསུང་གི་འཕྲིན་ལས་ཙམ་ལྷག་ཡོད།།

ཞིབ་པར་བསམ་ན་འདི་སྣང་རྨི་ལམ་ལས་མ་འདས།།

                                ༥

མི་ཚེ་གླིང་སྒྲུང་ཨ་ལ་ཐ་ལ་རུ་བསྲེས་ཤིང་།།

བབ་སྒྲུང་མཁན་པོའི་ཁྱད་ཆོས་རང་བྱུང་དུ་རྫོགས་པའི།།

སྒྲུང་ཆེན་ཚེ་རིང་དབང་འདུས་ཞིང་གཞན་ལ་བསུས་སོང་།།

ཀྱེ་མ་མི་རྟག་དུས་ཀྱི་ཞགས་པ་འདི་འཇིགས་སོ།།

                              ༦

དགྲ་ལྷ་ཝེར་མའི་ཐུགས་གཏེར་རྒྱ་མཚོ་ཡི་ཀློང་ནས།།

དུས་བབ་སྒྲུང་པོད་ནོར་བུའི་ཕྲེང་བ་རུ་བསྟར་བའི།།

སྒྲུང་ཆེན་བླ་མ་གུ་རུ་རྒྱན་མཚན་ཡང་གཤེགས་ཞེས།།

གཏམ་ངན་འདི་ཡིས་སེམས་གཅོང་སངས་མེད་ཅིག་སྦྱིན་སོང་།།

                                 ༧

གཞན་ཡང་སྒྲུང་ཆེན་གྲགས་པ་བསམ་གྲུབ་སོགས་མང་པོ།།

མཛད་པ་མཐའ་ཅན་གནང་ནས་ཞིང་གཞན་ལ་གཤེགས་ཚུལ།།

ཞིབ་དུ་བསམ་ན་ཀུན་ལ་གསང་གྲོས་ཤིག་ཡོད་འདྲ།།

ཕྲན་ཡང་འདི་ན་སྡོད་ཁུལ་འཁྲུལ་སྣང་གི་ཐོ་ཡོར།།

                             

དེ་ཕྱིར་གཅིག་རྗེས་གཅིག་གིས་སྐྱོ་རོགས་ཤིག་བྱས་ཏེ།།

གཅིག་རྗེས་གཅིག་སྙེག་གདུལ་བྱ་ཞིང་གཞན་དུ་བརྗེ་བ།།

མི་རྟག་ཚེ་ཡི་མར་མེ་གཟིམས་ལུགས་རེད་ཀྱེ་མ།།

རིགས་གསུམ་འདུས་ཞལ་དཔའ་བོས་བསུ་མ་ཡོད་ཨེ་མ།།

                             ༩

དེ་ལྟར་བྱོན་བཞུད་སྐྱེ་འཆིའི་གར་སྒྱུར་གང་སྣང་ཡང་།།

དོན་ལ་འགྲོ་དོན་ལྷུན་གྲུབ་གླིང་རྗེ་ཡི་ཐུགས་ཟིན།།

ཨོ་རྒྱན་དགོངས་དབྱིངས་རྣམ་སད་གཞི་ཀློང་དུ་བྱང་ཆུབ།།

འཕྲིན་ལས་འགྲོ་དོན་རྟག་ཁྱབ་རྟེན་འབྲེལ་ཡོད་གསན་ནམ།།

ཅེས་པའང་རིང་ནས་བརྩེ་བའི་མཆེད་གྲོགས་དམ་པ་སྐྱིད་པའི་ཉི་མར་ཁ་མཚར་གླེང་རོགས་དང་སྐྱོ་བའི་ཉི་མར་འཁང་ར་ཞུ་སའི་སྙིང་ནོར་གཅིག་པུ།ཡུལ་མགོ་ལོག་གི་སྒྲུང་མཁན་ཀུན་གྱི་ཁེན་ས་བརྟེན་ས་ལྟ་བུ་སྟེ།སྒྲུང་གཏེར་གུ་རུ་རྒྱལ་མཚན་ཉིད་དགོངས་པ་ཆོས་དབྱངས་སུ་ཐིམ་པས་སེམས་གཅོང་རྒྱ་མཚོའི་རྦ་རླབས་གཡོ་བའི་རང་གདངས་རི་མོའི་ཚུལ་དུ་ཨོ་རྒྱན་བསྟན་འཛིན་གྲགས་པས་ཤར་མར་བྲིས་སོ།། 2019.5.15


གླིང་སྒྲུང་གི་རྒྱལ་མཚན་ཞིག་འགྱེལ་སོང་།

ཡུལ་མགོ་ལོག་གི་སྒྲུང་གཏེར་ཆེན་པོ་གུ་རུ་རྒྱལ་མཚན་མཆོག་དགོངས་པ་རྫོགས་ཚུལ་ཐོས་མ་ཐག།

ཀྱེ་མ་རྨ་རྒྱལ་གངས་རིའི་ཁོར་ཡུག་ནས། །

གླིང་དཀར་རྣམ་ཐར་རྒྱལ་མཚན་འགྱེལ་སོང་ཞེས། །

མི་སྙན་གཏམ་གྱི་འཕྲིན་པ་འབྱོར་མ་ཐག །

གདུང་ཚིག་དབྱངས་སུ་མི་གྱེར་རང་དབང་བྲལ། །

 

དུས་ཀྱི་མུན་པ་ནག་པོའི་སོ་ཁ་ནས། །

དམ་པའི་སྐྱེས་བུ་ཕལ་ཆེར་ཟད་དང་བསྟུན། །

འབྲུ་སྲས་ནམ་མཁའ་ཐོག་རྒྱལ་ཟློས་པའི་གར། །

ཁྱེད་ཀྱང་མ་བཞུགས་ལས་འདི་ཨ་རེ་ཕངས། །

 

རྨ་རྒྱལ་གངས་རི་དཀར་པོའི་ཁོར་ཡུག་དང་། །

རྨ་ཀློང་དལ་འགྲོ་རིང་མོའི་འགྱིང་ཁུག་གི། །

གུང་སྨན་བརྡ་གླུ་དག་མའི་བཀའ་ལུང་ཅན། །

གསང་མཛོད་ལྡེ་མིག་གཅིག་པུ་གང་དུ་འཕུར། །

 

རྒོད་ལྕམ་དཀར་མོའི་འབོད་བརྡ་མྱུར་ནས་ཐལ། །

སེང་ཆེན་ཐུགས་ཀློང་བསྙེགས་པ་སྔ་ནས་ཐལ། །

གླིང་དཀར་དཔའ་གླུའི་བསྟན་པ་སུ་ཡིས་འཛིན། །

གང་ནས་བསམ་ཡང་ཁྱེད་ཉིད་བཞུད་པ་ཕངས། །

 

རྡོ་རྗེའི་ལུང་ཟིན་དམ་པའི་རང་རྟགས་ཅན། །

རྡོ་རྗེའི་ཐུགས་གཏེར་འབེབས་ལ་རང་དབང་ཅན། །

རྡོ་རྗེའི་གསུང་གི་རིང་བསྲེལ་མཛོད་ཁང་ཅན། །

རྡོ་རྗེའི་གདུང་འཚོབ་ཁྱེད་འདྲ་གཤེགས་པ་ཕངས། །

 

སྔོན་སྨོན་གཏད་རྒྱ་ཐུགས་ཀྱི་དབུས་ནས་སད། །

མ་སྲིང་མཁའ་འགྲོའི་བརྡ་བྱང་ཕྱག་ཏུ་བབས། །

ཀློང་རྡོལ་དགོངས་པའི་གཏེར་ལ་མངའ་དབང་འབྱོར། །

དུས་ཀྱི་སྒྲུང་གཏེར་ཁྱེད་འདྲ་བཞུད་པ་ཕངས། །

 

ཨ་ལའི་བརྗོད་དོན་སྔོན་གནས་རྗེས་དྲན་ཚུལ། །

ཐ་ལའི་དབྱངས་རྟ་ལྷུག་གྲོལ་དགོངས་པས་འདྲེན། །

ལྷུན་གྲུབ་དྲང་སྲོང་གཏམ་གྱི་རོལ་མོ་ཅན། །

གླིང་དཀར་བསྟན་སྐྱོང་ཁྱེད་འདྲ་ཤིན་ཏུ་ཕངས། །

 

འཁོར་འདས་མཉམ་རྩལ་ཁོང་ནས་རྫོགས་རྣམས་ལ། །

གཤེགས་དང་བཞུད་པའི་མཚན་མ་མ་མཆིས་མོད། །

ཚུལ་མཐོང་དུས་ཀྱིས་མནར་བའི་ཁོར་ཡུག་ནས། །

འོད་ཀྱི་དཀྱིལ་འཁོར་ཁྱེད་འདྲ་ཡལ་བ་ཕངས། །

 

འདས་བྱས་མི་རྟག་ཡིན་པ་ལོས་དྲན་མོད། །

ཕྱི་ནང་རྒུད་པ་སེལ་བའི་གསོས་སྨན་དུ། །

དུས་བབས་གཏེར་འབྱིན་འཕྲིན་ལས་གློ་བུར་དུ། །

བསྡུས་ཚུལ་བསམ་ན་སྙིང་ནས་འོ་དོད་ཤོར། །

 

ཕྱོགས་བཅུའི་བདེ་གཤེགས་རྒྱལ་བ་སྲས་བཅས་དང་། །

ཁྱད་པར་དོན་གྲུབ་སྐྱེས་བུ་ར་མདར་སྦྲན། །

གང་གི་ས་ལམ་བར་ཆད་ཀུན་སེལ་ཞིང་། །

གསུང་གི་འཕྲིན་ལས་སླར་ཡང་མྱུར་སྐྱོང་སྨོན། །

 

གདན་གྲལ་གཅིག་ལ་དབང་བའི་སྔོན་སྨོན་དང་། །

དམ་ཚིག་གཅིག་ལ་མཐུན་པའི་རྟེན་འབྲེལ་གྱིས། །

སེམས་འདུན་སྙིང་ནས་སྨྲས་པ་གསན་སྲིད་པས། །

མཁའ་སྤྱོད་དར་ལམ་ཟིན་པའི་གྲོགས་སུ་ཤོག །

ཅེས་༢༠༡༩.༥.༡༣ ཉིན་སྨིན་དབུས་སྤྲང་པོ་དེས་ཡིད་སྐྱོ་བཞིན་མིག་དབང་ལ་ཆེ་ཤེལ་སྦྲན་ཏེ་གདུང་ཚིག་ཏུ་བྲིས།

 

 

 

 

ཀློག་གྲངས།:[680]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com