༼དྲྭ་ངོས་གོང་མའི་འཕྲོ། ༽
འཇིགས་མེད་རྡོ་རྗེས་བརྩམས།
སྨར་མདོ་གེ་སར་ཕོ་བྲང་པདྨ་ལྷ་རྩེའི་ཟློས་གར་མྱུར་སྐྱོབ་ཚོགས་པས་མཁོ་འདོན་མཛད།
འཁྲབ་ཚན་ལྔ་བ།
ཇོ་རུ་ཕུ་ནུའི་འདུས་གྲྭལ་འཛོམས།།
འབྲུག་མོས་རྟ་མཆོག་ལྕག་ཚན་ཕུལ།།
ཨ་མྱེས་རྟ་རྒྱུགས་གྲོས་ཐག་བཅད།།
ཐམས་ཅད་དགའ་སྐྱིད་ཡུལ་དུ་གྱེས།།
ཇོ་སྐྱིད་དམ་པ་སངས་རྒྱས་དེ་ཉིད་གླིང་འདུ་ར་སྟག་ཐང་ཁྲ་མོར་ཕུ་ནུའི་འདུས་གྲྭལ་དུ་འཛོམས་ཚེ་སེང་ལྕམ་འབྲུག་མོའི་ཆིབས་པ་རྐྱང་བུ་ཁ་དཀར་དང་ལྕག་ཚན་བསམ་པའི་དོན་གྲུབ་ཕུལ་བ་མ་ཟད། བཀྲ་ཤིས་བདེན་ཚིག་གིས་ཐུགས་སྨོན་མཛད། གླིང་ལྷ་སྡེ་སྟོད་སྨད་བར་གསུམ་གྱིས་ཚད་མི་འདྲ་བའི་གྲོས་གཞི་སོ་སོར་བཏོན། ཨ་མྱེ་ཁྲ་རྒན་ནས་གྲོས་ཐག་བཅད་ཅིང་ཡུལ་དུ་གྱེས་སོ།།
སེང་ལྕམ་འབྲུག་མོ།
ཆིབས་ལྷ་རྟ་རྐྱང་ཆུང་ཁ་དཀར་དང་།།
ལྕག་ཚན་བསམ་པའི་དོན་གྲུབ་གཉིས།།
བཀྲ་ཤིས་ལྷ་དར་དཀར་པོ་གསུམ།།
དུས་དེ་རིང་ལྷ་སྲས་ཁྱེད་ལ་འབུལ།།
ལྷ་དཀར་ཕྱོགས་བསྟན་པ་སྲུང་བ་དང་།།
བདུད་ནག་ཕྱོགས་ཆོམས་ལ་ཕབ་པ་དང་།།
དུས་སྙིགས་མའི་རྒུད་པ་གསོ་བ་སོགས།།
ཐུགས་བཞེད་དོན་གེགས་མེད་ལྷུན་གྲུབ་ཤོག །
གདོང་བཙན་སྣང་ལུ་ཨ་དཔལ།
ཡ། ང་གདོང་བཙན་གྱིས་བསམ་པ་ལ།
ཀུན་ལ་གྲགས་པའི་རྟ་རྒྱུགས་དགོས།།
རྒྱུགས་མགོ་རྒྱ་གར་ཡུལ་དུ་གཏད།།
རྒྱུགས་གཏིང་རྒྱ་ནག་ཡུལ་ལ་བྱེད།།
ལྟད་མོ་དབུ་ནག་བོད་ནས་བལྟ།།
སེང་སྟག་ཨ་དོམ།
ང་སེང་སྟག་གིས་བསམ་པ་ལ།
རྒྱུགས་མགོ་ཨ་སྔོན་གནམ་ལ་གཏད།།
རྒྱུགས་རྟིང་དོག་མོ་ས་ལ་གཏད།།
ལས་ཟོག་ཉི་ཟླའི་ཟུར་ན་བཞག
།
ལྟད་མོ་བར་སྣང་ཁམས་ནས་བལྟ།།
རྒྱ་ཚ་ཞལ་དཀར།
ཡ། ང་ཞལ་དཀར་གྱིས་བསམ་པ་ལ།
རྒྱུགས་མགོ་ཀུ་ར་རྫ་ལ་གཏད།།
རྒྱུགས་རྟིང་ཨ་ཡུ་ཏིས་ལ་གཏད།།
ལྟད་མོ་ལྷ་ཏིས་མགོ་ནས་བལྟ།།
བསང་མཆོད་ཀླུ་ཏིས་མགོ་ནས་བྱེད།།
གཟུ་བ། ༼ རོང་ཚ་ཁྲ་རྒན་གྱིས་ ༽
རྒྱ་བོད་བར་གྱི་རྟག་རྒྱུགས་དང་།།
ཉི་ཟླའི་བར་གྱི་རྟིང་མ་དེ།།
རེད་དང་རེད་དེ་ལག་ལེན་དཀའ།།
རྒྱུགས་མགོ་ཀུ་ར་རྫ་ལ་གཏད།།
རྒྱུགས་རྟིང་ཨ་ཡུ་ཏིས་ལ་གཏད།།
ལྟད་མོ་ཀླུ་ཏིས་མགོ་ནས་བལྟ།།
བསང་མཆོད་ལྷ་ཏིས་མགོ་ནས་བྱེད།།
རྒྱུགས་ན་དཀྱུས་ཐག་དེ་ཀའི་ཆོད།།
༼ རྔ་དང་རོལ་དབྱངས་ཁྲོད་ནས་བསང་མཆོད་དུ་ཆས་ཏེ་བསང་མཆོད་སྤྲོས་པ་ཅན་ཕུལ་རྗེས། ཡོལ་བ་དལ་གྱིས་བསུམ། ༽
འཁྲབ་ཚན་དྲུག་པ།
གླིང་དཀར་ལྷ་སྡེ་རུ་གསུམ་བསྒྲིག །
རྟ་རྒྱུགས་གསེར་ཁྲིའི་གོང་བ་རྩོད།།
འབྲུག་མོས་མི་རྟ་རྩིས་སྤྲོད་བྱས།།
ཁྲོ་ལུས་ཇོ་རུ་བཤོལ་མ་ཐེབས།།
གླིང་ཚོ་དྲུག་ཕུ་ནུ་སུམ་ཅུ་དེ་རྨ་ཨ་ཡུའི་ཏིས་ཆེན་གོང་མ་ནས་ཤོག་གསུམ་དུ་བསྒོས་ཤིང་མགྱོགས་རྟ་ཕོའི་བང་རྩལ་འགྲན་བཞིན་པའི་ཚེ་ན།
ལྟད་མོ་མཁན་ལ་སྐྱ་ལོའི་སེང་ལྩམ་འབྲུག་མོ། སྔོ་ལོའི་བུ་མོ་ནེའུ་ཆུང་། སྤྱི་དཔོན་ལྷ་མོ་གཡུ་སྒྲོན།
ཁྲོ་ཐུང་བུ་མོ་ཁྲོ་མཚོ་སོགས་མ་སྲུ་སྤུན་བདུན་དང་གླིང་འདུས་སྡེ་ཡོངས་ལ་སེང་ལྕམ་འབྲུག་མོའི་མི་རྟ་རྩིས་སྤྲོད་གནང་།
རྨ་ཕོ་རོག་ཐང་གི་མར་གཤམ་ནས་ཇོ་སྐྱིད་དམ་པ་སངས་རྒྱས་དང་། ཁྱི་ཤེས་བུ་ཡི་རྒུ་རུ་ཐུག སྟག་རོང་དཔོན་པོ་ཁྲོ་ཐུང་གི་ཇོ་རུ་བཤོལ་བའི་ཐབས་ཚུལ་སྣ་ཚོགས་བྱད་ཀྱང་བཤོལ་མ་ཐེབས།
གཟི་བ། ༼ ཨ་མྱེ་རོང་ཚ་ཁྲ་རྒན་གྱིས། ༽
ཀིས། ཉོན་ཅིག ཉོན་གཉིས།
ཉོན་གསུམ།
གླིང་ཕ་ཟོག་ནོར་བུ་ཆ་བདུན།
ཕ་སྐྱ་ལོའི་ནོར་དང་ལོངས་སྤྱོད།
སྨན་འབྲུག་མོའི་གཟུགས་དང་ལང་ཚོ།།
བུ་འབྲུག་རྒྱལ་སྙན་དང་གྲགས་པ་སོགས་མགྱོགས་རྟ་མཆོག་གི་རྒྱན་ལ་རྩོད་རྒྱུ་ཡིན་པས་ཆིབས་མགྱོགས་པའི་བང་ཁ་ད་རྩོད་ཅིག
ཚང་མས། ༼ ཀིས་ཞེས་ རོལ་དབྱངས་ཁྲོད་དུ་རྒྱུགས་ཏེ།
རྟ་འགྲོས་རྣམ་འགྱུར་སྣ་ཚོགས་ཀྱིས་རྒྱུགས་རྗེས་ མ་སྲུ་སྤུན་བདུན་སོགས་ཀྱིས་ལྟད་མོར་ཕེབས་ནས་གླིང་འདུས་སྡེ་ཡོངས་ལ་སེང་ལྕམ་འབྲུག་མོའི་མི་རྟ་རྩིས་སྤྲོད་གནང་།
དཔའ་ཐུལ་རིམ་བྱོན་གྱི་ངོ་སྤྲོད་གླུའི་འགྲོས་དང་བསྟུན་ཉམས་འགྱུར་ལྡན་པའི་རིམ་པར་བྱོན། ༽
སེང་ལྕམ་འབྲུག་མོ།
ཡ། ཁྱེད་འདིར་ཚོགས་ཀྱི་གླིང་དཀར་མ་སྲུ་ཚོ། དེ་རིང་གླིང་ཕུ་ནུ་ཡོངས་ཀྱིས་རྟ་རྒྱུགས་རྒྱལ་འཇོག་ལ། ངས་དཔའ་ཐུལ་རིམ་བྱོན་གྱི་ངོ་སྤྲོད་གླུ་འདི་འདྲ་ཞིག་ཡོད་པས་གསན་པར་ཞུ།།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།།
ཐ་ལ་ངག་གི་འགུགས་ལུགས་རེད།།
གནས་གཡུ་ལོ་བཀོད་པའི་ཞིང་ཁམས་ནས།།
མ་རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན།།
སྨན་ང་དང་ང་ངོ་མ་ཤེས་ན།།
སྒ་སྐྱ་ལོའི་བུ་མོ་ཨ་འབྲུག་ཟེར།།
ཚུར་ཉོན་དང་ལྟད་མོ་འདི་འདྲ་གདའ།།
སྟོད་ཀ་ལིའི་ལྷ་ལམ་བར་མ་ན།།
ཁོ་མི་དཀར་དུང་གི་ཞལ་རས་ཅན།།
གདོང་བཙན་པོ་སྣང་ལུའི་ཨ་དཔལ་རེད།།
ཁོ་གླིང་དཀར་དཔོན་པོ་ཡོངས་ངེས་རེད།།
ཞབས་རྟ་ཕོ་གཡུ་བྱ་རྟེའུ་སྔོན་ཟེར།།
འདི་རྟ་ཞིག་མ་རེད་བྱ་ཞིག་རེད།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
སྟག་རོང་དཔོན་པོ་གཟིག་འཕེན་རེད།།
ཞབས་རྟ་ཕོ་ཕོ་རོག་སྟོང་ཆམ་རེད།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
ཁྲོ་ཐུང་ཉ་ཚ་ཨ་བརྟན་རེད།།
ཞབས་རྟ་ཕོ་གངས་རི་ལྡིང་ཤེས་རེད།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
གསེར་བའི་ཉི་འབུམ་དར་ཡག་རེད།།
ཞབས་རྟ་ཕོ་ངང་བ་གསེར་སྒོང་རེད།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
དཔའ་ཡ་མེད་སེང་སྟག་ཨ་དོམ་རེད།།
ཞབས་རྟ་ཕོ་སྟོང་རི་དལ་འཇམ་ཟེར།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
འབྲི་སྒ་བདེའི་ཆོས་སྐྱོང་བེར་ནག་རེད།།
ཞབས་རྟ་ཕོ་རླུང་ནག་འཚུབ་ཆེན་རེད།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
མི་ཆེན་རྒྱལ་བའི་ལྷུན་གྲུབ་རེད།།
ཞབས་འདོ་བ་ཀྭ་མ་ཡ་མེད་རེད།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
བློན་ཆེན་གུ་རུ་རྒྱལ་མཚན་རེད།།
ཞབས་འདོ་བ་སྨུག་བུ་དལ་འཇམ་རེད།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
དཔའ་ཡ་མེད་རྒྱལ་ཚ་ཞལ་དཀར་རེད།།
ཞབས་རྟ་ཕོ་རྒྱ་བྱ་སོག་དཀར་ཟེར།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
ཚ་ཞིང་འདན་མ་བྱང་ཁྲ་རེད།།
ཞབས་རྟ་ཕོ་ངུལ་ཕྲུག་ལྡེམ་པ་ཟེར།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
ནུ་བོ་རོང་ཚ་ལྷ་དར་རེད།།
ཞབས་འདོ་བ་རྨ་བྱ་མདངས་ཅན་ཟེར།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
དར་འཕེན་དུག་གི་སྡོང་བོ་རེད།།
ཞབས་འདོ་བ་སྨུ་གུ་ལྡིང་ཤེས་ཟེར།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
ཨ་མྱེ་རོང་ཚ་ཁྲ་རྒན་རེད།།
ཞབས་རྟ་ཕོ་ཤ་རྐྱང་དྲིལ་མགོ་ཟེར།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
སྟག་རོང་དཔོན་པོ་ཁྲོ་རྒྱལ་རེད།།
ཞབས་རྟ་ཕོ་འཕར་བ་རྔ་ནག་རེད།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
སེང་བློན་ཀ་མ་རི་སྐྱེས་རེད།།
ཞབས་རྟ་ཕོ་མཚལ་བུ་དམར་པོ་ཟེར།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
བརྒྱ་དཔོན་བན་དེ་དམར་པོ་རེད།།
ཞབས་འདོ་བ་རྨ་བྱ་འཕུར་ཤེས་ཟེར།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
སྟོང་དཔོན་ཤེས་ཆེན་ཉི་མ་རེད།།
ཞབས་འདོ་བ་སྟོང་རྒྱུག་ངལ་འཇམ་ཟེར།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
ལྕགས་ནག་དཔོན་པོ་སེང་སེང་རེད།།
ཞབས་འདོ་བ་ཁྱུང་ནག་ལྡིང་ཤེས་ཟེར།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
བཅོ་ལྔའི་དཔའ་གསར་ཟླ་བ་རེད།།
ཞབས་འདོ་བ་མཚལ་སྟག་འཁྱམས་ཤེས་ཟེར།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
སྤྱི་དཔོན་སྣང་ངུ་གཡུ་སྟག་རེད།།
ཞབས་འདོ་བ་གཡུ་རྡོ་འཕུར་ཤེས་ཟེར།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
གླིང་གི་མི་ཆུང་ཁ་བདེ་རེད།།
རྟ་ཆུང་ཟི་མ་འཕུར་ཤེས་ཟེར།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
གཡོག་ཨ་ཁོད་ཐར་བའི་ཟོར་སྣ་རེད།།
ཞབས་འདོ་བ་དགོ་ཆུང་ཁ་དཀར་ཟེར།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
ཁྱི་ཤེས་བུ་ཡི་རྒུ་རུ་རེད།།
ཞབས་རྟ་ཕོ་ཀ་བ་ཁྲི་སྐྱིད་ཟེར།།
དེ་རྗེས་སྐྱེས་བུ་བྱོན་རྒྱུ་དེ།།
འགོག་མོའི་བུ་ཆུང་ཇོ་རུ་རེད།།
ཞབས་རྟ་ཕོ་རྐྱང་བུ་ཁ་དཀར་ཟེར།།
གླུ་གོ་ན་རྣ་བའི་བདུད་རྩི་ཡིན།།
མ་གོའི་གླུ་ལ་འབྲེལ་བ་མེད།།
སྨན་ནེའུ་ཆུང་ཐུགས་ལ་དེ་ལྟར་ཞོག །
ནེའུ་ཆུང་མ།
ཨ་རོག་བུ་མོ་འབྲུག་མོ་ལོ།།
གླིང་ཆེ་རྒྱུད་བསྟོད་ར་མ་བྱེད་ཅིག །
བུ་ཇོ་རུ་དམའ་འབེབ་མ་བྱེད་དང་།།
སེམས་གངས་དཀར་བུ་མོའི་སྙིང་གཏམ་ཡིན།།
ཁྲོ་མཚོ་མ།
སྐྱ་ལོའི་སེང་ལྕམ་འབྲུག་མོ་ལོ།།
ཚེ་མགོ་གང་སྐྱིད་དེ་དེ་རང་ཤར།།
གླིང་ཕ་ཟོག་ལས་ཀ་བཅྭོ་བརྒྱད་དེ།།
ཕ་ཁྲོ་ཐུང་མིན་པའི་བདག་པོ་མེད།།
སྤྱི་དཔོན་གཡུ་སྒྲོན།
གོང་རིན་ཆེན་གསེར་ཁྲི་ནོན་མི་ལ།།
བུ་ཇོ་རུ་མིན་པའི་བདག་པོ་མེད།།
ལས་གལ་ཏེ་ཆེ་རྒྱུད་ཤོར་སྲིད་ན།།
ངས་ཕྱི་དམེ་ནང་ལ་མ་གཏུགས་ན།།
ང་གཡུ་སྒྲོན་མིན་པའི་རྟགས་ལ་ཞོག །
ཇོ་རུ་རིན་པོ་ཆེ།
ཀིས། ཁྱོད་རྒུ་རུ་མ་འགྲོ་རྒུ་རུ་སྡོད།།
ཇོ་རྒུར་གྲྭ་སྡེབ་བྱས་ནས་འགྲོ།
རྒྱལ་ལོན་ན་ཕན་ཚུན་མཉམ་དུ་བསྒོ།
ཚིག་སྙན་མོའི་འདུན་མ་སྒྲིག་ནས་འགྲོ།
རྒུ་རུ།
གླུ་ཨ་ལ༴
གླུ་ཐ་ལ༴
ཆོས་སྐུ་རྡོ་རྗེ་འཆང་ཆེན་དོན།།
དེ་རིང་རྒུ་རུའི་གྲོགས་ལ་བྱོན།།
ང་དང་ང་ངོ་ཨེ་ཤེས་ལོ།།
ཡ་ད་གླིང་གི་གཉིས་རྒུར་ཡིན།།
ཕོ་རྒུ་རྒུར་ཐམས་ཅད་དཔལ་རྩལ་རྒོད།།
མོ་རྒུར་རྒུར་ཐམས་ཅད་ཁོག་ཤེས་ཆེ།།
མཚོན་རྒུར་རྒུར་ཐམས་ཅད་སོ་ཁ་རྣོ།།
ང་ཕྱུག་པོ་ཡིན་ཚུལ་བཤད་པས་ན།།
བུ་སྤུན་དགུ་ཡི་བདག་པོ་ཡིན།།
དབྱར་ཤ་དགུན་ཤ་ཆད་ལེ་མིན།།
བུ་མོ་དགུ་ཡི་བདག་པོ་ཡིན།།
དབྱར་གྲོ་དགུན་གྲོ་ཆད་ལེ་མིན།།
ཡིན་པ་ཨ་ཕོ་དེ་འདྲ་ཡིན།།
བུ་ཁྱོད་ལ་གྲྭ་སྡེབ་ཀ་ལ་བྱེད།།
ཁྱོད་དང་འུ་གུ་འདྲ་ས་མེད།།
ངས་ཕ་ཚེ་བུ་ཡི་རི་འགང་ལ།།
ཨ་བསད་བྲ་བསད་བྱེད་མ་མྱོང་།།
ཨབ་ཤ་འཆའ་ཟེར་དགྲ་ལ་བསྒྱུར།།
ཕ་ཟོག་ལས་ཀ་བཅྭོ་བརྒྱད་དེ།།
ཕོ་རྒུ་རུ་ང་ཡིས་ལོན་པའི་ན།།
ངས་བསྒོ་ནི་མི་དགོས་ལྟད་མོ་ཙམ།།
བུ་ཁྱོད་ལ་བལྟ་རུ་མི་འཇུག་གོ །
བུ་ཇོ་རུ་ཁྱོད་ཀྱིས་ལོན་པས་ཚེ།།
ང་མི་དགོས་ཁྱོད་རང་ཕྱོགས་སུ་ཁྱེར།།
ཁྱོད་སྤྲང་ཕྲུག་ཡིད་ལ་དེ་ལྟར་ཞོག །
༼ ཇོ་རུས་རྒུ་རུའི་གོས་སོགས་ཐུག་པ་སོགས་ཀྱི་རྣམ་འགྱུར་ཆུང་ངུ་བསྟན་ཏེ། རྒུ་རུས་མ་དགའ་འམ་མི་གཙང་བའི་ཉམས་སོགས་བསྟན། ༽
ཇོ་རུ་རིན་པོ་ཆེ།
གླིང་དཔའ་ཐུལ་རྣམས་ཀྱིས་དར་གོས་ཀྱི་ན་བཟའ་གསོལ་དུས་ཁྱོད་རྒུ་རུ་ཞ་ཉེའི་གློ་ཟུང་འདོགས་པ་མ་གཏོགས་ཁྱོད་ཕྱུག་པོ་ཞིག་ཡིན་རབས་གོ་མ་མྱོང་། ༼ ཇོ་རུས་རྒུ་རུ་མི་རྟ་གཉིས་འདམ་གྱི་ནང་དུ་བརྫངས། ༽
རྒུ་རུ།
ཇོ་རུ། ཇོ་རུ།
ཇོ་རུ་ཡིད་བཞིན་ནོར་བུ་ལགས།།
ད་སྔོན་མ་ཤེས་འཁྲུལ་བའི་བློ།།
ད་ཕྱི་དྲོ་སོ་ནམ་གཏན་ལ་ཕབས།།
ང་འདམ་གྱི་ཁ་ནས་འདོན་པར་ཞུ།།
ཇོ་རུ་རིན་པོ་ཆེ།
ཁྱོད་ཡར་ཡར་འཕོག་དང་ཡར་ཡར་འབུད་རྒྱུ་རེད།
ཐབས་ཡོད་ན་གསེར་ཁྲི་ནོན་རན་ཡིན།།
ཐབས་མེད་ན་ལྷ་མདའ་བདག་ལ་གནོངས།།
འདམ་འདི་ལས་འདོན་ཐབས་ང་ཡིས་བྱེད།།
རྒུ་རུ
ལགས་ལེགས་སོ། ༼ ཇོ་རུ་སྔོན་དུ་སོང་རྗེས་རྒུ་རུས་ ༽
ཨ་ཁ་ཁ།
ད་ངས་ཕ་གླིང་བའི་རྟ་རྒྱལ་མ་ལོན་སེམས་ཐག་རེད། ང་རང་གི་སྲོག་མགོ་ཐོན་ན་དེ་ལས་ཅི་ཡང་མེད།
ཨ་ཁུ་ཁྲོ་ཐུང་།
ཡ་ ཨ་ཁུའི་ཚ་བོ་ཇོ་རུ་ལགས།།
ཚེ་ཡར་སྟོད་ཉི་མ་ན་ནང་ལ།།
སྡེ་གཅིག་རུང་ཁུ་ཚན་ཐུག་དུས་མེད།།
དུས་དེ་རིང་ཉི་མ་ཕན་ཆོད་ལ།།
ངེད་ཁུ་ཚན་སྐྱིད་སྡུག་གཅིག་རྒྱུ་བྱེད།
ཇོ་རུ་རིན་པོ་ཆེ།
གླུ་ཨ་ལ་ གླུ་ཐ་ལ་
གདོང་མ་བཞིའི་དཔོན་པོ་ཁྲོ་ཐུང་ལགས།།
ཁྱོད་ཕྱིར་ལྟས་ཕྱིར་ལྟས་བྱས་པ་དེ།།
འདྲེ་གཞི་བདག་གང་དང་འཕྲད་པ་རེད།།
ཁྱོད་ཁེར་གླུ་ཁེར་གླུ་ལེན་པ་དེ།།
བཙན་འདྲེ་མོ་སུ་དང་འཕྲད་པ་རེད།།
གླིང་གྲུབ་ཆེན་སྟོན་མོའི་ཚོགས་གྲྭལ་ལ།།
ཕ་ཁུ་བོ་བརྒྱ་འབོད་སྟོང་འབོད་བྱས།།
ངེད་སེང་བློན་ཕ་བུའི་སྟོན་སྐལ་བཅད།།
དེའི་ངན་ལན་དེ་རིང་ཨེ་འཕྲོད་བསམ།།
ང་ཇོ་རུའི་རྟ་འུ་འདི་འདྲ་སྙེད།།
རྟ་འདི་ལ་རྒྱུགས་ལུགས་མི་ཤེས་ལོ།།
ཁྱོད་ཨ་ཁུས་ཚ་བོ་ཁ་ཏ་དགོས།།
ཁྲོ་ཐུང་།
ད་ཉོན་དང་ཨ་ཁུའི་ཚ་བོ་ལགས།།
འདི་རྟ་ཞིག་མ་རེད་བྱ་ཞིག་རེད།།
བྱ་རྒྱལ་ཁྱུང་གི་འགྲན་ཡ་མེད།།
རྟ་གཞན་ལས་འདི་ཉིད་ཁྱད་པར་འཕགས།།
གླིང་ཚོ་དྲུག་རྟ་རྒྱུགས་བྱེད་དུས་སུ།།
ངེད་ཁུ་ཚན་གཉིས་པོ་རང་ཡུལ་སྙེགས།།
ཁྱོད་ཚ་བོ་ཨ་ཁུའི་ཁྱིམ་དུ་ཤོག །
རྒྱུ་ནོར་རྫས་གང་དགའ་ཁྱོད་ལ་སྟེར།། ༼ ཇོ་རུ་གར་སོང་ཆ་མེད་དུ་བོར ༽
ཨ། ཇོ་རུ། ༼ ཨ་ཁུ་སེམས་ཚུབ་པའི་ངང་ནས་མདུད་དུ་བསྐྱོད། ༽
འཁྲབ་ཚན་བདུན་པ།
ཇོ་རུའི་སྤྲུལ་པས་ཉམས་སད་བྱས།།
ཞལ་དཀར་ཐུགས་རྒྱལ་དྲག་དུ་ཁྲོས།།
སླར་ཡང་ཇོ་རུའི་རྫུ་འཕྲུལ་གྱིས།།
གཡུ་བྱ་འཕུར་ཤེས་ས་ལ་རྡབས།།
ལྷ་འཇམ་དཔལ་དབྱངས་ཀྱི་རོལ་གར་ལྡོང་འབུམ་པའི་རྒྱ་ཚ་ཞལ་དཀར་དེས་གླིང་རྟ་རྒྱུགས་གསེར་ཁྲི་ནོན་པར་ཐུགས་འཚུབས་བསླངས་ཤིང་རྟ་མགྱོགས་པ་རྒྱ་བྱ་སོག་དཀར་ལ་ལྕག་ཚ་བ་གསུམ་བྲབ་དེ་བང་བཏང་ཕྲལ་ཇོ་རུའི་སྤྲུལ་པ་ཉི་མ་རྒྱལ་མཚན་གྱིས་ཉམས་སད་བྱས་ཞལ་དཀར་ཐུགས་རྒྱལ་དྲག་ཏུ་བཞེས་ཤིང་དཔའ་གཏམ་དཔུང་ངོམས་བྱས་མཐར་ཇོ་རུས་རང་གཟུགས་བསྟན།
སྐབས་དེར་གདོང་བཙན་གནང་ལུའི་ཨ་དཔལ་དེ་གློག་འཁྱུགས་པ་ལྟར་འགྲོ་བཞིན་པ་ན་ཇོ་རུའི་རྫུ་འཕྲུལ་གྱིས་གཡུ་བྱའི་བང་ཁ་བསྡམས་དེ་ས་ལ་འགྲེ་ལོག་བྱེད་བཞིན་གནས་སོ།།
བེ་རུ་ཉི་མ་རྒྱལ་མཚན།
ཕོ་ང་དང་ང་ངོ་མ་ཤེས་ན།།
བེ་རུའི་ཉི་མ་རྒྱལ་མཚན་ཟེར།།
དེ་ནས་མི་དཀར་རྟ་དཀར་ཅན།།
ཉོན་དང་ལོ་རྒྱུས་འདི་འདྲ་ཡོད།།
ན་ནིང་དགུན་གྱི་དུས་ཚོད་ལ།།
སྐྱ་ལོའི་མི་རྒྱུ་འཁོར་དང་བཅས།།
ཁྱེད་ལ་མགོ་འབུལ་བྱས་ཏེ་ཟེར།།
ཨ་ཕོ་ང་ཡི་ལག་ན་ཡོད།།
དེ་མིན་སྐད་ཆ་བཤད་པའི་ན།།
སྒང་གསུམ་རོ་ཡིས་བཀང་ལེ་གཅིག །
གཤོང་གསུམ་ཁྲག་གིས་བཀང་བ་གཉིས།།
གླིང་དཀར་མངའ་འོག་བསྡུ་ལེན་ཞིག །
མ་བྱས་བསྡད་ན་ཧོར་བདུད་མིན།།
གླུ་གོ་ན་གངས་དཀར་རྒྱན་དུ་ཞོག །
རྒྱ་ཚ་ཞལ་དཀར།
ང་དང་ང་ངོ་མ་ཤེས་ན།།
དཔའ་མི་འགྱུར་རྒྱ་ཚ་ཞལ་དཀར་ཡིན།།
ཚུར་ཉོན་དང་ཧོར་བདུད་རྡར་མ་ཝ།།
བུ་ཁྱོད་འདྲ་ཐུག་ན་དགའ་བ་ལ།།
ཁྱོད་དང་འུ་གུ་གཉིས་པོ་ལ།།
བར་བ་སྐྱི་སེར་རླུང་ལས་མེད།།
ཁྲག་འཐུང་དོག་མོའི་ས་ལས་མེད།།
ལྟད་མོ་ཨ་སྔོན་དགུང་ལས་མེད།།
སྐྱ་ལོ་མི་རྒྱུ་འཁོར་བཅས་དེ།།
དགྲ་ཕ་རོལ་ལག་བཞག་མ་དགོས་ཨང་།།
གླིང་ཕུ་ནུའི་ལག་ལ་སྤྲོད་པ་མིན།།
ཁྱོད་ཧམ་ཅན་ཡིད་ལ་དེ་ལྟར་ཞོག །
༼ ཇོ་རུའི་སྤྲུལ་བ་ལྡོང་བེ་རུ་ཉི་མ་རྒྱལ་མཚན་ཚུར་ཇོ་རུ་དངོས་ཀྱི་རྣམ་པར་སྤྲུལ་ཏེ། ༽
ཇོ་རུ་རིན་པོ་ཆེ།
ཡ་ཕུ་བོ་རྒྱ་ཚ་ཞལ་དཀར།
ད་ཤ་ཟོས་སྤྱང་ཀི་རི་ལ་མངག
ཆུ་འཐུང་ཝ་མོ་གལ་བཙུད། ང་ཇོ་རུ་ཉམས་ཆུང་གི་ཚོད་ལ་མ་བལྟ།
རྒྱ་ཚ་ཞལ་དཀར།
ཨ་སྐྱིད་ཇོ་སྐྱིད་རིན་པོ་ཆེ།།
ཇོ་རུ་དགོངས་པ་མཐོ་རྒྱུ་ལགས།།
ང་ལ་ཉམས་ཚད་དགོས་དོན་མེད།།
གོང་གསེར་ཁྲིའི་རྒྱན་དུ་ད་བྱོན་ཅིག །
༼ ཇོ་རུ་སྔོན་དུ་སོང་རྗེས་གདོང་བཙན་ཨ་དཔལ་གྱི་རྟ་བཤའ་གྲབ་བྱས། ༽
ཇོ་རུ་རིན་པོ་ཆེ།
ཧ་ཧ་་་་་ དེ་རིང་བཟང་པོ་བྱུང་། བོད་འཇིག་རྟེན་གནའ་མིའི་ཁ་དཔེ་ལ། རྟ་བཤའ་གཏོར་ལེན་རོ་ཁུར་གསུམ། ལྷ་འདྲེ་སྟོང་གི་ཐར་མ་ཡིན། ཡུལ་ལ་ན་ཚ་བྱུང་ན་གཅོད་པ་རྒྱག མགྲོན་པོ་ལམ་ཉེས་བྱུང་ན་བྱ་སྤྲང་རྒྱག་ཟེར་བ་ལྟར་དེ་རིང་ང་ལ་ཤ་སྟོན་ཚེས་སྟོན་ཞིག་བབ་ནི་རེད། རྟ་འདི་ཡི་རྣམ་ཤེས་དབྱངས་སུ་སྤར་དགོས། ༼ གདོང་བཙན་ཨ་དཔལ་གྱིས་རྟ་བཤའ་རྒྱུ་རེད་སྙམ་ཏེ་རྒྱུགས་འོང་ནས། ༽
གདོང་བཙན་ཨ་དཔལ།
ཇོ་རུ་རིན་པོ་ཆེ། ཇོ་རུ་རིན་པོ་ཆེ།
རྟ་མ་བཤའ་ལགས། རྟ་མ་བཤའ་ལགས།
ཨ་ཁུ་ཁྲོ་ཐུང།
ཧ་ཧ།
ཡ་ཨ་ཁུའི་ཚ་ལུ།
རྟ་འདི་ཡར་སོས་ཐབས་ལ་ང་ཨ་ཁུའི་སྔགས་སྐོར་གཅིག་ལས་མི་དགོས། ཨེ་བདེན་ལྟོས་ཨ། ཨོཾ་ཧྲཱི༔པདྨ་ཏ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ལན་གསུམ། ༼ ཇོ་རུ་ཧ་ཧ་ཞེས་བགད་ཤོར་ཏེ་ཨ་ཁུ་ཁྲོ་ཐུང་ཀྱང་ ཨ་ཞེས་ཡ་མཚན་སྐྱེས། ༽
ཇོ་རུ་རིན་པོ་ཆེ།
འོ་ན་རྒྱ་ནག་པོའི་ཇ་རྫོང་ཕབ་ཚེ་རྟ་འདི་ཐེངས་གཅིག་ང་ལ་ཨེ་གཡར། དེ་གཡར་ན་ང་ལ་གསོ་བའི་ཐབས་ཞིག་ཡོད།
གདོང་བཙན་ཨ་དཔལ།
ཐེངས་གཅིག་མ་ཚད་ཐེངས་གསུམ་གཡར་ཆོག་ལགས། ༼ དེ་མ་ཐག་ཇོ་རུ་སྔོན་དུ་ཤོར ༽ ༼ ཡོལ་བ་དལ་གྱིས་བསུམ། ༽
འཁྲབ་ཚན་བརྒྱད་པ།
ཡུལ་ལྷ་རྨ་རྒྱལ་སྤོམ་རའི་མདུན།།
ཇོ་རུས་རྟ་རྒྱུགས་གསེར་ཁྲི་ལོན།།
ཕ་ཁུས་བཀྲ་ཤིས་གླུ་ཚིག་ཞུས།།
འབྲུག་མོས་རྟེན་འབྲེལ་བདེན་ཚིག་ཕུལ།།
གངས་ཅན་བོད་ཀྱི་མགུལ་ལྷ་ཆེན་པོ་རྨ་རྒྱལ་སྤོམ་རའི་མདུན་ངོས་སུ་མི་འཇིགས་སེངྒེའི་བཏེགས་པའི་གསེར་ཁྲིའི་འཕང་སུ་མངའ་གསོལ་མཛད་ཅིང་སེང་ཆེན་མི་ཡི་ཉི་མ་བཞིའི་བརྟན་པ་དབང་མེད་དུ་འཕྲོག་པའི་རྟེན་གྱི་གླུ་ལེན་གར་རྩེད་ཀྱི་དཔལ་ལ་ལོངས་སྤྱོད་དོ།། ༼ མི་འཇིགས་སེངྒེའི་བཏེགས་པའི་གསེར་ཁྲིའི་འཕང་སུ་མངའ་གསོལ་མཛད་ཚུལ་ལ་མཆོད་སྐོར་ཆ་ཚང་གིས་མདུན་དུ་བསུས་ཏེ་གླིང་དཀར་ལྷ་སྡེ་ཡོངས་ཀྱིས་མཇལ་དར་ཕུལ་རྗེས ༽
ཨ་མྱེ་ཁྲ་རྒན།
གླུ་ཨ་ལ༴
ཐ་ལ༴
ང་ཨ་མྱེ་མ་ཤི་ཚེ་ཐག་རིང་།།
ཚེ་ཐག་རིང་བའི་བསམ་དོན་འགྲུབ།།
བུ་དེ་འདྲ་མིན་ན་ཅི་འདྲ་ཡིན།།
གོང་གི་དཔོན་པོའི་གོ་ས་ལོན།།
ཁྲ་ལྷང་ངེ་གསེར་ཁྲི་ལོན་དུས་སུ།།
ང་ཨ་ཁུའི་སེམས་ལ་ཉི་མ་ཤར།།
བོད་དབུ་ནག་འདུག་ཆས་འགྲུབ་ནས་དགའ།།
གླིང་རྔ་སྒྲ་དར་ཕྱར་དུང་འབུད་གསུམ།།
དུས་དེ་རིང་ཨ་ཁུའི་སྙན་ལ་སྤྲོ།།
ཚ་ཇོ་རུ་བསམ་དོན་འགྲུབ་ཏུ་ལགས།།
ལས་གལ་ཆེན་དོན་ཆེན་མ་ཡིན་ན།།
དམག་དགྲ་ལས་བྱེད་པའི་མགོ་ལ་རྩོམ།།
བསྟན་པ་དང་སེམས་ཅན་དོན་མིན་ན།།
སྡེ་ཁྲལ་ཆེན་གྱི་ལས་ལ་མ་སྡུས་ཤིག །
ཕོ་རྒོད་པོ་གོང་དུ་ཤོར་དུས་ལ།།
ཐབས་ཤེས་རབ་སྒོ་ནས་འདུལ་ཤེས་དགོས།།
རང་འདོད་ཀྱི་བྱ་བ་ཕར་ལ་སྤོངས།།
བདག་གཞན་ལ་ཕན་པ་ཅི་ཐོག་མཛོད།།
ཨ་ཁུ་ཁྲོ་ཐུང་།
ད་ཉོན་དང་ཚིག་གསུམ་བཤད་པ་ན།།
ལྡོང་མི་རབས་གསུམ་གྱི་མི་རྒྱུད་ལ།།
རྒྱུ་བསོག་བསོག་ཨ་མྱེ་ཨ་ཁུས་གསོག །
དཔོན་ལས་ཅན་འདྲ་འདྲ་མང་ན་ཡང་།།
དཔོན་ཁྲོ་ཐུང་ང་དང་འདྲ་བ་མེད།།
ལྷ་རྟ་མགྲིན་དམར་པོ་དངོས་བྱོན་ཡིན།།
ང་ཁྲོ་ལུས་རྟ་རྒྱལ་མ་བཞག་ན།།
ཚ་ཇོ་རུ་བཟང་ཡང་ལོན་ཐབས་མེད།།
ང་ཁུ་བོའི་བསམ་དོན་དེ་རིང་འགྲུབ།།
གླིང་དཀར་པོའི་ཆེ་ཐང་ཐོབ་ཐང་དེ།།
དུས་དེ་རིང་ལྷ་སྲས་ཕྱག་ཏུ་འཕྲོད།།
ཐོབ་གོ་ས་ཨེ་ཟིན་ཁྱེད་རང་ཤེས།།
ཁྱེད་ཀྱི་མཚན་ལ་འཛམ་གླིང་གེ་སར་རྒྱལ་པོ་དང་། སེང་ཆེན་སྐྱེས་བུ་དོན་འགྲུབ་གསོལ།
འདུས་སྡེ་ཡོངས་ཀྱིས།
ལགས་ལགས་སོ།།
སྐྱ་རྗེ་སེང་ལྕམ་འབྲུག་མོ།
གླུ་ཨ་ལ༴
ཐ་ལ༴
གསེར་ཁྲི་སེར་པོའི་གདན་སྟེང་ན།།
སྐུ་བཞུགས་པ་འཛམ་གླིང་གེ་སར་བཞུགས།།
བཀའ་གོང་མ་རྒྱལ་མོའི་སྐུ་ཚེ་རིང་།།
བཀྲ་ཤིས་པའི་ཁ་བཏགས་ཡར་ལ་བཞེངས།།
སྐུ་སྐྱེ་འཆི་མེད་པའི་ཆང་འདི་བཞེས།།
ཐུགས་བརྩེ་བས་བཀྲ་ཤིས་མགུར་ཅིག་གསུང་།།
གླིང་ལྷ་སྡེ་དབུ་འཕང་མཐོ་བར་ཤོག །
སྐུ་ཚེ་བསམ་པ་མཐའ་རུ་ཕྱིན།།
ཉོན་མོངས་བདུད་བཞི་ཆོས་ཉིད་གྲོལ།།
དོན་འགྱུར་མེད་ཡེ་ཤེས་ཐོབ་པར་ཤོག །
ཨ་མྱེ་ཁྲ་རྒན།
ཨ་ཁུ་ཁྲོ་ཐུང་།
ཀ། ངས་ལག་ན་བཟུང་བའི་ཆང་དཀར་འདི།།
ལོ་ཆང་བདུད་རྩི་ཁམས་པ་རེད།།
ཟླ་ལ་བསྙལ་བའི་ཟླ་ཆང་རེད།།
ཟླ་ཆང་བདུད་རྩི་ཟིལ་མ་རེད།།
ཁ། ཞག་ལ་བསྙལ་བའི་ཞག་ཆང་རེད།།
ཞག་ཆང་བདུད་རྩི་འཁྱིལ་བ་རེད།།
གླིང་ཀེར་མཛོད་གཉན་པོའི་ཚེ་ཆང་རེད།།
སྐུ་འཛམ་གླིང་རྒྱལ་པོའི་སྒྲུབ་ཆང་རེད།།
ཀ། ན་ནང་གི་ལོ་ཆང་ཁམས་པ་ལ།།
ད་ལོའི་འབྲུ་ཆང་སིལ་མ་བཏབས།།
བར་ལ་འཁོར་ལོ་འཁོར་བ་འདྲ།།
འཁོར་ལོ་རླུང་གི་བསྐྱོད་འདྲ་ཡིན།།
ཁ། དབང་ཆེན་དཔོན་གྱི་བཞེས་པ་ན།།
ཐུགས་རྒྱ་ཆེ་མཁའ་དང་མཉམ་པ་ཡིན།།
ཕོ་སྙིང་མེད་ལམ་འགྲོའི་སྐྱེལ་མ་ཡིན།།
དཔའ་དགྲ་ལྷ་མཆོད་པའི་ངར་འདོགས་ཡིན།།
ཀ། སྟེང་ལྷ་ལ་མཆོད་ཀ་ཕོག་གྱུར་ན།།
ལུས་ཁྲབ་ཆེན་རྨོག་དཀར་དབུ་འཕང་མཐོ།།
གཡས་གཉན་ལ་མཆོད་ཀ་ཕོག་གྱུར་ན།།
ཕྱག་གཡས་ཐེབས་རྩལ་མདའ་ཤུགས་ཆེ།།
ཁ། གཡོན་ཀླུ་ལ་མཆོད་ཀ་ཕོག་གྱུར་ན།།
གཡོན་པས་མཆོག་དཀར་གཞུ་མོ་བརྟེན།།
ཆང་འདི་ལ་ཡོན་ཏན་མང་པོ་ཡོད།།
ཆང་འདི་འདྲ་བོད་ལ་དཀོན་པ་ཡིན།།
ཀ་ཁ། མཐོ་མི་ཆེན་དཔོན་པོའི་བཞེས་རྒྱུ་རེད།།
སྐུ་སྐྱེ་འཇིགས་བྲལ་པའི་བདུད་རྩི་འདི།།
སྐྱིད་གླུ་དང་གར་གྱི་འབྱུང་ཁུངས་རེད།།
རྗེ་འཛམ་གླིང་རྒྱལ་པོའི་ཆང་འདི་བཞེས།།
སེང་ཆེན་མི་ཡི་ཉི་མ།
གླུ་ཨ་ལ་སྐྱེ་མེད་ཐབས་ཀྱི་དབྱངས།།
ངག་ཐ་ལ་འགགས་མེད་ཤེས་རབ་གླུ།
ས་འདི་ཡི་ས་ངོ་མ་ཤེས་ན།།
རྨ་ཀུ་རའི་རྫ་རྒྱལ་མདུན་ངོས་རེད།།
ཕོ་ང་དང་ང་ངོ་མ་ཤེས་ན།།
འཛམ་གླིང་སེང་ཆེན་རྒྱལ་པོ་ཡིན།།
ནམ་མཁའ་བཞིན་དུ་སྒོམ་གཅིག་དགོས།།
ལྷོ་སྤྲིན་བཞིན་དུ་རྣམ་རྟོག་འཆར།།
རྣམ་རྟོགས་སེམས་ཀྱི་ཆོ་འཕྲུལ་ཡིན།།
དེར་བདག་འཛིན་མེད་ན་རང་སར་གྲོལ།།
གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ན།།
ལྷ་ཆོས་སྐུ་ཀུན་ཏུ་བཟང་པོ་འཛོམས།།
ཚེ་སྔ་ཡང་འཛོམས་ལ་ད་ཡང་འཛོམས།།
སང་ཡང་ཡང་འཛོམས་པའི་བཀྲ་ཤིས་ཤོག།
གནས་རང་ལུས་རྒྱལ་བའི་དཀྱིལ་འཁོར་ན།།
རྩལ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་འཛོམས།།
ཚེ་སྔ་ཡང་འཛོམས་ལ་ད་ཡང་འཛོམས།།
སང་ཡང་ཡང་འཛོམས་པའི་བཀྲ་ཤིས་ཤོག
།
ས་བཟང་པོ་སྨོན་ལམ་ལ་ཐོག་ན།།
སྡེ་ཁྲ་མོ་གླིང་དཀར་ལྷ་སྡེ་འཛོམས།།
ཚེ་སྔ་ཡང་འཛོམས་ལ་ད་ཡང་འཛོམས།།
སང་ཡང་ཡང་འཛོམས་པའི་བཀྲ་ཤིས་ཤོག
།
བཀྲ་ཤིས་ཀུན་གསལ་ལྷ་ལམ་དབྱིངས།།
བཀྲ་ཤིས་རྟ་བདུན་འོད་སྣང་གསལ།།
བཀྲ་ཤིས་འགྲོ་བློའི་མུན་སེལ་ནས།།
བཀྲ་ཤིས་སྔ་འགྱུར་རྒྱལ་བའི་བསྟན།།
ཇི་སྲིད་ནམ་མཁའ་གནས་ཀྱི་བར།།
རྫོགས་ལྡན་དགའ་སྟོན་སྤྱོད་པར་སྨོན།།
སྲས་བཅས་རྒྱལ་བའི་བྱིན་རླབས་ཀྱིས།།
སྨོན་ལམ་ཅི་བཏབ་འགྲུབ་པར་ཤོག །
འོ། དེ་རིང་གི་ཉི་མ་བཟང་པོ། སྐར་མ་བཟང་པོ།
བཀྲ་ཤིས་ཕུན་སུམ་ཚོགས་པའི་དུས་སྦྱོར་དགེ་བ་འདི་ནས་བཟུང་དཔོན་ལ་གེ་སར་རྒྱལ་པོ་བློན་ལ་ཕུ་ནུ་སུམ་ཅུ་འབངས་ལ་གླིང་དཀར་ལྷ་སྡེ་འདིས་ཕྱི་དགྲ་བོ་བྱུང་ན་མདུང་རྩེ་མཉམ་གཤིབ་ནང་དངོས་གྲུབ་བྱུང་ན་ཐོད་པ་མཉམ་གཏུག་བྱེད་རྒྱུ་ཡིན་པས་ལྷ་སྡེ་མཐོ་དམན་ཀུན་གྱིས་གོ་བར་གྱིས་ཤིག།
ཞབས་བྲོ། ༼ མཁན་རིན་པོ་ཆེ་དྷཪྨཱའི་མཚན་གྱིས་ལྗགས་རྩོམ་སུ་བརྩལ་བ་ལགས། ༽
སྐུ་མཆོག་གངས་ཀྱི་རི་ལ།།
མཚན་དཔེའི་གཟི་འོད་འབུམ་འཁྱུད་བཞིན།།
མཐོང་བས་དད་མོས་སྒོ་བརྒྱ་འབྱེད།།
ནོར་བུ་དགྲ་འདུལ་སྐུ་ལ་བསྟོད།།
སྙན་གྲགས་ལྷ་ཡི་རྔ་བོ་ཆེ།།
ནག་ཕྱོགས་བདུད་རིགས་སྤ་ཀོང་ཞིང་།།
ཐོས་པས་ངན་འགྲོའི་འཇིགས་ལས་སྐྱོབས།།
ནོར་བུ་དགྲ་འདུལ་གསུང་ལ་བསྟོད།།
ཟབ་གསལ་ཐུགས་ཀྱི་རྒྱ་མཚོའི་ཀློང་།།
མཁྱེན་བརྩེའི་ཡེ་ཤེས་རྩོལ་མེད་རྒྱས།།
དྲན་པས་བདེ་སྟོང་ཏིང་འཛིན་བསྙེས།།
ནོར་བུ་དགྲ་འདུལ་ཐུགས་ལ་བསྟོད།།
སྔོན་སྨོན་ཐུགས་བསྐྱེད་ནམ་མཁའ་ལ།།
འགེགས་མེད་སེང་ཆེན་ཉི་མ་འཆར།།
བློན་ཆེན་དུང་ཟླ་དཔའ་བརྟུལ་སྨན།།
འབངས་སྡེ་སྐར་ཚོགས་འགྲན་འདི་མཚར།།
བཀྲ་ཤིས་ལྷ་རྒྱལ་ལོ ་།༼ ཡོལ་བ་དལ་གྱིས་བསུམ། ༽